ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༠༥/༡༧

ཡུཀ་རེན་གྱི་ཛ་དྲག་གི་དུས་འདིར་རྒྱ་ནག་དང་ཐེ་ཝན་གྱིས་རྒྱང་ལྟ།


༄༅།། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་ལྷོ་ཕྱོགས་དང་ཤར་ཕྱོགས། བྱང་ཕྱོགས་བཅས་ལ་དམག་དཔུང་འབུམ་༡་དང་ཕྱེད་ཀ་ཡས་མས་ཤིག་བཀྲམ་ནས་བཙན་འཛུལ་བྱ་རྒྱུའི་དམག་གྲ་བསྒྲིགས། ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མགོ་འཁོར་ཡོད་པའི་སྐབས་འདིར་རྒྱ་ནག་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན། གལ་སྲིད་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ཀྱང་ཨ་རི་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་སྲུང་སྐྱོབ་མ་བྱས་ཚེ། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ན་ཨ་མི་རི་ཀ་སོགས་ཀྱིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ལྟར་ངོ་མར་ཡུཀ་རེན་ལ་བཙན་བྱེད་ཐུབ་རྒྱུ་ཡིན་མིན་བཅས་ལ་རྒྱང་ལྟ་བྱེད་བཞིན་ཡོད་ཅིང་། དེ་བཞིན་ཐེ་ཝན་གྱིས་ཀྱང་ཨ་མི་རི་ཀ་སོགས་ཀྱིས་ཨུ་རུ་སུའི་བཙན་འཛུལ་འགོག་རྒྱུ་ཡིན་མིན། མ་འོངས་པར་རྒྱ་ནག་གིས་དངོས་སུ་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་མིན་བཅས་ལ་ཞིབ་འཇུག་བྱས་ནས་རྒྱང་ལྟ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག དེ་རིང་ཕྱི་ཟླ་༢་པའི་ཚེས་༡༥་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་ཉམས་ཞིབ་པ་ཚོར་བཅར་འདྲི་ཞུས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཡུཀ་རེན་ལ་ཅི་ཞིག་བྱུང་བ་དེར་མིག་དཔེ་བལྟས་ནས་ཐེ་ཝན་ལ་ཅི་ཞིག་བྱ་དགོས་མིན་དོ་སྣང་ཆེན་པོ་བྱེད་ཀྱི་འདུག ཡིན་ནའང་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་རྒྱ་ནག་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་རེད་ཅེས་བཤད་དཀའ། ཡུཀ་རེན་དང་ཐེ་ཝན་གྱི་གནས་སྟངས་གཉིས་འདྲ་མཚུངས་ལྟར་སྣང་རུང་རྦད་དེ་གཅིག་པ་མ་རེད་ཅེས་བཤད་འདུག

ཨ་རིའི་ཀི་སན་ཇར་ཞིབ་འཇུག་ཁང་གི་རྒྱ་ནག་ཉམས་ཞིབ་པ་རོ་བྷར་ཊི་ཌ་ལིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཞིས་ཅིན་ཕི་གིས་ཐེ་ཝན་ལ་དམིགས་ནས་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་ཅི་ཙམ་བྱ་རྒྱུ་ཡིན་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པར་ཐེ་ཚོམ་བྲལ། ཡིན་ནའང་ངས་ཐེ་ཝན་དང་ཡུཀ་རེན་གྱི་གནས་སྟངས་གཅིག་པ་རེད་ཅེས་བཤད་ཀྱི་མེད། ཨ་མི་རི་ཀར་ཡུཀ་རེན་ལས་ཐེ་ཝན་ལྡབ་འགྱུར་གྱི་གནད་འགག་ཆེན་པོ་ཡིན་པ་དང་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་སུ་ཐེ་ཝན་ནི་ཨ་མི་རི་ཀའི་བདེ་འཇགས་ལ་ཧ་ཅང་གི་གནད་འགག་ཆེན་པོ་རེད་ཅེས་བཤད། རྒྱལ་སྤྱིའི་ཕུགས་རྒྱང་སློབ་སྟོན་ཁང་གི་ཚོགས་གཙོ་ཕི་ཊར་སིན་གྱིས་ཀྱང་རྒྱ་ནག་གཞུང་གིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། ཕྱི་འབྲེལ་དང་ཆབ་སྲིད། དམག་དོན་བཅས་ཀྱི་ལན་པ་ཇི་ལྟར་སློག་རྒྱུ་ཡིན་མིན་ལ་རྒྱང་ལྟ་བྱེད་ཀྱི་ཡོད་པ་ནི་དོན་དངོས་རེད། ཐེ་ཝན་ལའང་བློ་འཚབ་འབྱུང་གི་ཡོད་པའང་ཆོས་ཉིད་རེད་ཅེས་བསྟན། ཉེ་ཆར་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་སྐབས་དེར་རྒྱ་ནག་དང་ཨུ་རུ་སུས་ཕྱོགས་གཉིས་ཀྱི་ཟླ་གྲོགས་ཀྱི་འབྲེལ་བར་ཚད་འཛིན་མེད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གྲང་དམག་གི་ལྟ་བ་འདོར་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་རྒྱ་སྐྱེད་གཏོང་གི་ཡོད་པར་ངོ་རྒོལ་ཡོད་ཅེས་ཐུན་མོང་གི་གསལ་བསྒྲགས་ཤིག་སྤེལ། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་དམིགས་ཡུལ་གཙོ་བོ་ནི་ཡུཀ་རེན་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་ཕྱོགས་སུ་སོང་། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་འཆར་ཡོད་པ་འགོག་གི་ཡོད་མོད། འོན་ཀྱང་རྒྱ་ནག་གིས་ཨུ་རུ་སུ་ལ་དམག་དོན་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་མེད་པ་རེད།།

ཡུ་རེ་ཤི་ཡ་ཞིབ་འཇུག་ཁང་གི་འགན་འཛིན་ཨི་ཡན་བྷ་རེ་མེར་གྱིས་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཨུ་རུ་སུ་དང་རྒྱ་ནག་གི་འབྲེལ་བ་དེར་དོ་སྣང་བྱ་རྒྱུ་གནད་འགག་ཆེན་པོ་རེད། གལ་སྲིད་ཨུ་རུ་སུའི་དམག་གིས་ཡུལ་རེན་ལ་བཙན་འཛུལ་བྱེད་པ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་དང་ཕྱི་འབྲེལ་སོགས་བརྒྱུད་ནས་ཉེས་ཆད་དྲག་པོ་བཅད་ན་རྒྱ་ནག་གིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་སོགས་ཀྱི་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་སྲ་བརྟན་གཏོང་སྲིད། ཡིན་ནའང་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བ་སྲ་བརྟན་བྱུང་བ་ཙམ་གྱིས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཆོག་པ་ཞིག་མིན། སྲིད་འཛིན་བྷ་ཌན་གྱི་གཞུང་གིས་རྒྱ་ནག་ལ་ཐེ་ཝན་ནི་ཨབ་གྷ་ཎི་སི་དང་ཡུཀ་རེན་ལྟ་བུ་ཞིག་མིན། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་རྩིས་ལོག་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་གོ་བརྡ་གསལ་པོ་འཕྲོད་ཡོད་པ་རེད་ཅེས་བཤད། ཉེ་ཆར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱེད་དགོས་ཀྱི་མ་རེད། རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག་པ་ཙམ་གྱིས་འཚོ་གནས་ཐུབ་ཀྱི་མ་རེད་ཅེས་བསྒྲགས། པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོའི་སྔོན་དེར་རྒྱ་ནག་དང་ཨུ་རུ་སུའི་སྲིད་འཛིན་གཉིས་ཀྱིས་སྤེལ་བའི་ཐུན་མོང་གི་གསལ་བསྒྲགས་དེར་ཨུ་རུ་སུའི་གཞུང་གིས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་ཡོད་པ་བསྐྱར་ཟློས་བྱ་རྒྱུ་ཡིན། ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་ཡོད་ཅེས་བཀོད།།

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུས་ཕྱོགས་ནས་དོན་དངོས་ལ་འཁྱོག་བཤད་དང་ཐ་ཤལ་གྱི་ལངས་ཕྱོགས་ཤིག་འཛིན་གྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཨུ་རུ་སུའི་རྗོད་ཚིག་དེ་དག་གིས་ཐེ་ཝན་མི་དམངས་རྣམས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཐུབ་ཚོད་ལ་ཞེན་པ་ལོག་ཏུ་འཇུག་རྒྱུ་ཡིན་པར་མ་ཟད། རྒྱ་ནག་གིས་བཙན་དྲག་དང་རྒྱ་སྐྱེད། ཞི་བདེ་ལ་གཏོར་བརླག་བྱེད་ཀྱི་ཡོད་པའི་ངོ་གདོ་ཐེར་འདོན་བྱེད་པའི་རྒྱུ་རུ་འགྱུར་ཤས་ཆེ་ཞེས་དགག་པ་བརྒྱབ། ཉམས་ཞིབ་པ་ཚོས་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་མཇུག་སྒྲིལ་བའི་རྗེས་སུ་རྒྱ་ནག་གིས་སླར་ཡང་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་འགོ་འཛུགས་སྲིད་པའི་ཚོད་དཔག་བྱེད་ཀྱི་པ་སྟེ། ཡུ་རེ་ཤི་ཡ་ཞིབ་འཇུག་ཁང་གི་གཙོ་འཛིན་ཕི་ཊར་སན་གྱིས་ཤར་ཡུ་རོབ་ལ་ཅི་ཞིག་འབྱུང་གི་ཡོད་པར་ཐེ་ཝན་གྱིས་དོ་སྣང་གཟབ་ནན་བྱེད་དགོས་པ་ཞིག་ཏུ་གྱུར་འདུག ཡུཀ་རེན་ལ་ཅི་ཞིག་འབྱུང་གི་ཡོད་པ་ཐེ་ཝན་ལའང་འབྱུང་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱེད་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུ་ལ་ཉེས་ཆད་ཅི་ཙམ་གཅོད་རྒྱུ་ཡིན་མིན་ལ་ཐུག་ཡོད། དེ་ལ་པེ་ཅིང་གི་དབང་འཛིན་པ་ཚོས་ཀྱང་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཉེས་ཆད་འདི་འདྲ་ཞིག་གཅོད་རྒྱུ་ཡིན་ཞེས་གསལ་པོར་བསྒྲགས་མེད་པ་རེད། དེས་ན་ང་ཚོས་ཐེ་ཝན་ལ་འདི་འདྲ་ཞིག་འབྱུང་རྒྱུ་རེད་ཅེས་ཁ་ཚོན་གཅོད་རྒྱུ་ཁག་པོ་འདུག་ཅེས་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཨ་མི་རི་ཀའི་མཚོ་དམག་གིས་ཨུ་རུ་སུ་ལ་དམག་བརྒྱབ། ཡུཀ་རེན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པའི་གནས་སྟངས་ཤིག་ལ་གྱུར་ན་རྒྱ་ནག་གིས་གོ་སྐབས་བཟུང་ནས་ཐེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་ཡོད། ཡིན་ནའང་རྒྱ་ནག་གི་ཕྱོགས་མང་པོ་ཞིག་ལ་བསམ་བློ་གཏོང་དགོས་ཞེས་བཤད།།

དབྱིན་ཇིའི་གྲོས་ཚོགས་ཀྱི་རྒྱ་ནག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་འཇུ་ལི་པ་མི་ཧིལ་གྱིས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཆོག་པ་ཞིག་མ་རེད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀར་ནུབ་ཕྱོགས་པའི་དམངས་གཙོ་དང་རང་དབང་གི་ཆབ་སྲིད་ལམ་ལུགས་འདིར་གཏོར་བཤིག་གཏོང་རྒྱུའི་ཀུན་སློང་གཅིག་མཚུངས་ཡོད་ཀྱང་རྒྱ་ནག་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་ཁེ་ཕན་ཆེན་པོ་ཞིག་ཡོད། ཐེ་ཝན་ནི་ཡུཀ་རེན་ལྟ་བུ་ཞིག་གཏན་ནས་མ་རེད། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་ལ་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ཇི་བཞིན་ཐེ་ཝན་ལ་དཔལ་འབྱོར་གྱི་འབྲེལ་བ་འཛིན་རྒྱུའང་གཙིགས་སུ་འཛིན་གྱི་འདུག རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་ན་ཨ་མི་རི་ཀ་སོགས་ཀྱིས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་ཉེས་ཆད་གཅོད་ཀྱི་ཡོད་པ་ལྟར་མིན་པར་ཕྱི་འབྲེལ་དང་དཔལ་འབྱོར། དམག་དོན་བཅས་ཀྱི་མཇུག་འབྲས་ཚབས་ཆེན་ཞིག་འབྱུང་ངེས་རེད། རྒྱ་ནག་གིས་ཡུཀ་རེན་ལ་བལྟས་ནས་ཐེ་ཝན་ལ་ཅི་ཞིག་བྱ་དགོས་མིན་བསམ་བློ་གཏོང་གི་ཡོད་ན་ནོར་འཁྲུལ་ཆེན་པོ་ཞིག་རེད་ཅེས་ནན་བརྗོད་བྱས་འདུག ཨུ་སུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཡུ་རོབ་ལ་དམག་འཁྲུག་ཆེན་པོ་ཞིག་ལངས། ཨ་མི་རི་ཀ་དམག་འཁྲུག་དེར་ཞུགས་ནས་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་དམག་དཔུང་རྣམས་ཨུ་རུ་སུའི་ཕྱོགས་སུ་གཏོང་དགོས་བྱུང་ན་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐེ་ཝན་མཚོ་འགག་ལ་སྲུང་སྐྱོབ་བྱེད་མཁན་མེད་པར་འགྱུར། དེ་འདྲའི་དུས་སུ་རྒྱ་ནག་གིས་འཕྲལ་དུ་གོ་སྐབས་བཟུང་སྟེ་ཐེ་ཝན་ལ་བཙན་འཛུལ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་རྒྱ་སྐྱེད་གཏོང་རྒྱུའི་ཉེན་ཁ་ཡོད་ཅེས་གླེང་། དེ་རིང་གཟའ་མིག་དམར་ཉིན་རྒྱ་ནག་གི་ཞི་བའི་ལས་དོན་གྱི་གནམ་གྲུ་ཁག་ཅིག་ཐེ་ཝན་གྱི་མཐའ་མཚམས་སུ་ཆགས་པའི་གླིང་ཕྲན་ཞིག་གི་ཉེ་འཁྲིས་སུ་འཕུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG