ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༡༣

མོ་སི་ཀོར་རྒོལ་རྡུང་བྱུང་རྗེས་ཨུ་རུ་སུས་ཕྱི་མི་ངལ་རྩལ་བ་ཚོར་དམ་དྲག


ཏ་ཇིཀ་སི་ཐན་གྱི་ཨུ་རུ་སུས་ཕྱི་མི་ངལ་རྩལ་བ།
ཏ་ཇིཀ་སི་ཐན་གྱི་ཨུ་རུ་སུས་ཕྱི་མི་ངལ་རྩལ་བ།

༄༅།། ཉེ་ཆར་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་རོལ་དབྱངས་དཀྲོལ་ཚོགས་ཁང་ཞིག་ཏུ་རྒོལ་རྡུང་བྱས་ནས་མི་༡༤༣་བསད་པ་དང་མི་༡༠༠་ལྷག་རྨས། ཕྱི་ཟླ་༤་པའི་ཚེས་༢་ཉིན་ཨེ་ཤི་ཡ་པླ་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུ་རྒྱལ་ཡོངས་སུ་ཕྱི་མི་ངལ་རྩལ་བ་ཚོར་སྡང་ཟུག་དང་དགྲར་འཛིན། ཁྲིམས་ཁང་གིས་ཕྱི་མི་ངལ་རྩལ་བ་རྣམས་ཕྱིར་ཕུད་བྱ་དགོས་པའི་ཐག་གཅོད་བྱ་རྒྱུ་མགོ་བརྩམས། ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་ཁྲིམས་ཁང་གི་མགྲིན་ཚབ་པ་ཌ་རི་ཡ་ལེ་བྷེ་དེ་ཝས་བདུན་ཕྲག་སྔོན་མའི་གཟའ་མཇུག་དེར་ཁྲིམས་ཁང་གིས་ཕྱི་མི་ངལ་རྩལ་བ་༤༡༨་ཕྱིར་ཕུད་བྱ་དགོས་པའི་ཐག་བཅད་པ་དང་མི་༤༨་ལ་དངུལ་སྒོར་ཆད་པ་བཅད། ཕྱི་ཟླ་༣་པའི་ཚེས་༢༥་ནས་༢༩་བར་དུ་ཁྲིམས་ཁང་གིས་ཕྱི་མི་ངལ་རྩལ་བ་༥༨༤་ཡི་གྱོད་གཞིར་ཞིབ་འཇུག་བྱས་པ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཞིག་སྤེལ།།

ཕྱི་ཟླ་༣་པའི་ཚེས་༢༢་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཚོགས་ཁང་དེར་རྒོལ་རྡུང་བྱེད་མཁན་རྣམས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཏ་ཇིཀ་སི་ཐན་གྱི་སྤྱི་དམངས་ཡིན་པ་རྩད་ཆོད། དེས་ན་ཨུ་རུ་སུའི་ས་གནས་ཁག་ཏུ་ཏ་ཇིཀ་སི་ཐན་བ་ཚོར་སྡང་ཟུག་དང་ཕྱི་མི་ངལ་རྩལ་བ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཏ་ཇིཀ་སི་ཐན་གྱི་ལས་རྩོལ་བློན་ཆེན་གཞོན་པ་ཤག་ནོ་ཛ་ནོ་ཌི་རིས་ང་ཚོར་ཁ་པར་མང་པོ་འབྱོར་གྱི་འདུག དེ་ནི་སུན་གཙེར་མྱངས་ནས་དཀའ་ངལ་ཕྲད་པ་བཤད་ཀྱི་ཡོད་པ་ཞིག་མ་རེད། ཁོ་ཚོའི་བདེ་འཇགས་ལ་ཉེན་ཁ་ཕྲད་ནས་འཇིགས་སྣང་བྱུང་སྟེ་རང་ཡུལ་དུ་ལོག་ཡོང་གི་ཡིན་ཟེར་གྱི་འདུག ང་ཚོས་གནས་སྟངས་དེར་རྟོག་ཞིབ་བྱེད་ཀྱི་ཡོད། དེང་སྐབས་ཏ་ཇིཀ་སི་ཐན་ནས་ཕྱི་ལ་ངལ་རྩོལ་རྒྱུག་ཏུ་འགྲོ་མཁན་ལས་ཕྱི་ནས་ངལ་རྩོལ་བ་རྣམས་རང་ཡུལ་དུ་ལོག་ཡོང་མཁན་མང་བ་འདུག་ཟེར། ཏ་ཇིཀ་སི་ཐན་གཞུང་ནས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་རྒོལ་རྡུང་དེར་འབྲེལ་བ་ཡོད་སྲིད་པའི་མི་སྣ་དོགས་ཅན་༩་བཀག་ཉར་བྱས་འདུག

ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཚོགས་ཁང་དེར་རྒོལ་རྡུང་
ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཚོགས་ཁང་དེར་རྒོལ་རྡུང་

ཕྱི་ཟླ་༣་པའི་ཚེས་༣༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་མི་མང་གིས་ཏ་ཇིཀ་སི་ཐན་གྱི་གླ་འཁོར་ཁ་ལོ་བ་ཚོར་ཚོང་འབྲེལ་བཅད། མི་ཞིག་གིས་གལ་སྲིད་ཁྱོད་ཏ་ཇིཀ་སི་ཐན་བ་ཞིག་ཡིན་ན་ང་ཁྱོད་ཀྱི་གླ་འཁོར་ནང་དུ་བསྐྱོད་རྒྱུ་མིན་ཞེས་འཕྲིན་ཐུང་བསྐུར་ནས་ཚོང་འབྲེལ་བཅད་པ་ཨེག་སི་དྲྭ་ཚིགས་སུ་བཀོད། དེ་བཞིན་ཨུ་རུ་སུའི་ས་གནས་ཁག་ཏུ་ཏ་ཇིཀ་སི་ཐན་བ་ཞིག་གིས་གཉེར་བའི་སྐྲ་བཞར་ཁང་ལ་གཏོར་བཅོམ་ཕོག སྐྲ་བཞར་ཁང་གི་བདག་མོས་ང་ལ་ཁྱོད་ཚོ་གསོད་དགོས་ཞེས་ཁ་པར་བཏང་ནས་འཇིགས་སྐུལ་བྱ་རྒྱུ་མཚམས་ཆད་ཀྱི་མི་འདུག ང་ནི་སྦྲུམ་མ་ཞིག་ཡིན་པ་དང་ངས་ཅི་ཞིག་བྱ་དགོས་ཤེས་ཀྱི་མི་འདུག ང་ཕྱི་ལ་འགྲོ་རྒྱུར་སྐྲག་གི་འདུག་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། ཨུ་རུ་སུ་ཕྱོགས་གཅིག་ནས་ཕྱི་མི་ངལ་རྩོལ་བར་མ་བརྟེན་ཀ་མེད་དུ་གྱུར་ཡོད་པ་དང་ཕྱོགས་གཞན་དེར་ཏ་ཇིག་སི་ཐན་བ་སོགས་ཀྱི་ཕྱི་མི་ངལ་རྩོལ་བ་ཚོར་སྡང་ཟུག་བྱས་ཚེ། ཨུ་རུ་སུའི་དཔལ་འབྱོར་དང་ཚོང་ལས་དེ་བས་ཀྱང་ཉམས་ཆག་འགྲོ་སྲིད།།

དེ་སྔའི་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་ཏ་ཇིཀ་སི་ཐན་དང་ཨུ་ཛི་བྷེ་ཀི་སི་ཐན། ཀིར་ཀི་སི་ཐན་དང་ཏུར་ཀི་མ་ཎི་སི་ཐན། ཁ་ཛཀ་སི་ཐན་བཅས་ལ་ངལ་རྩོལ་བ་མང་བ་དང་གློ་ཕོགས་དམའ་བ། ཨུ་རུ་སུའི་བཟོ་ཚོང་ལས་ཁུངས་ཁག་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་དེ་དག་གི་ངལ་རྩོལ་བ་བླངས། ཕྱི་མི་ངལ་རྩོལ་བ་ཚོས་ཨུ་རུ་སུའི་མི་མང་གིས་མཐོང་ཆུང་བྱས་ནས་སྒྲུབ་ཀྱི་མེད་པའི་ལས་རིགས་ཏེ། གླ་འཁོར་ཁ་ལོ་བ་དང་དོས་སྐྱེལ་རླངས་འཁོར་ཁ་ལོ་བ། ཚོང་ཁང་གི་དངོས་ཟོག་འཚོང་མཁན་སོགས་ཀྱི་སྲི་ཞུ་བསྒྲུབས། ཕྱི་མི་ངལ་རྩལ་བ་ཚོས་ཨུ་རུ་སུའི་ས་ཐོག་ཏུ་འདུ་འགོད་བྱས་པའི་དངུལ་སྒོར་རྣམས་རང་ཡུལ་དུ་བཏང་སྟེ་རྒྱལ་ཁབ་དེ་དག་གི་ཡོང་འབབ་ལ་ཕན་ཐོགས་བྱུང་། ད་ལྟ་ཕྱི་མི་ངལ་རྩོལ་བ་ཚོར་ཨུ་རུ་སུའི་ནང་དུ་བདེ་འཇགས་མེད་པར་གྱུར། མོ་སི་ཀོའི་ཚོགས་ཁང་དེར་རྒོལ་རྡུང་བྱུང་བའི་རྗེས་སུ་ཨུ་རུ་སུའི་གཞུང་གི་ཕྱོགས་གཏོགས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཕྱི་མི་ངལ་རྩོལ་བ་རྣམས་དགྲ་རུ་འཛིན་རྒྱུ་ཤུགས་ཆེ་རུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་མི་ངལ་རྩོལ་བའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་ཝ་ལེན་ཊི་ན་ཆུ་པིག་ནི་ཨུ་ཛི་བྷེ་ཀི་སི་ཐན་བ་ཞིག་ཡིན་ཞིང་། ཁོ་མོས་ང་ཚོར་སྔོན་ཆད་ཉི་མ་རེར་ཁྲིམས་ཁང་ལ་ཁ་མཆུ་རྒྱག་རོགས་བྱོས་ཞེས་ཁ་པར་གཏོང་མཁན་མི་༡༥༠་ཡས་མས་རེ་ལས་མེད། དེང་སང་ཁྲིམས་ཁང་ལ་ཞུ་གཏུགས་བྱ་རོགས་བྱོས་ཞེས་ང་ཚོར་ཁ་པར་གཏོང་མཁན་ཉིན་ལྟར་མི་༦༠༠༠་ལྷག་ཡོང་གི་འདུག དུས་ཚོད་དང་སྐར་མ་རེ་རེ་བཞིན་ཁ་པར་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་ཚབས་ཆེན་ཞིག་རེད། ཨུ་རུ་སུའི་ཉེན་རྟོག་པས་མི་རིགས་དགྲར་འཛིན་གྱི་དྲག་སྤྱོད་འགོག་གི་ཡོད། འཇིགས་སྐུལ་རིང་ལུགས་པའི་རྒོལ་རྡུང་འབྱུང་སྲིད་པ་འགོག་གི་ཡོད་ཅེས་ཕྱི་མི་ངལ་རྩོལ་བ་ཚོ་བཅོམ་གྱི་འདུག ང་ཚོར་ཕྱི་མི་ངལ་རྩོལ་བ་ཚོས་ཉེན་རྟོག་པས་འཕྲོག་བཅོམ་བྱས་སོང་། ཉེན་རྟོག་པས་བཀག་ཉར་བྱས་སོང་ཞེས་ཁ་པར་གཏོང་མཁན་ཇེ་མང་རེད། ཕྱི་མི་ངལ་རྩོལ་བ་དེ་དག་གི་ལག་ཏུ་ཅི་ཞིག་ཡོད་ཀྱང་ཨུ་རུ་སུའི་ཉེན་རྟོག་པ་ཚོས་འཕྲོག་གི་འདུག་ཅེས་བསྟན།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཏ་ཇིཀ་སི་ཐན་གྱི་ལས་རྩོལ་ལྷན་ཁང་གི་དྲྭ་ཚིགས་སུ་༢༠༢༢་ལོར་ཏ་ཇིཀ་སི་ཐན་བ་༧༧༥༥༧༨་དང་༢༠༢༣་ལོར་མི་༦༥༢༠༡༤་ཕྱི་རྒྱལ་ལ་ངལ་རྩོལ་རྒྱུག་ཏུ་ཕྱིན་པ་རེད་ཅེས་བཀོད། ཏ་ཇིཀ་སི་ཐན་གཙོས་དབུས་ཨེ་ཤི་ཡའི་ཁ་ཆེ་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་ངལ་རྩོལ་རྒྱུག་ཏུ་འགྲོ་ས་གཙོ་བོ་ནི་ཨུ་རུ་སུ་ཡིན་ཞིང་། ད་ལྟ་ཨུ་རུ་སུའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཕྱི་མི་ངལ་རྩོལ་བ་ཚོས་རང་གི་ལོ་རྒྱུས་དང་རྒྱབ་ལྗོངས། འདྲ་པར་སོགས་དྲྭ་ལམ་བཀོད་ནས་ཐོ་འགོད་བྱ་དགོས་ཞེས་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱ་རྒྱུའི་གྲོས་སྡུར་ཚུགས། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཕྱི་མི་ངལ་རྩལ་བ་མང་པོ་གནས་སྡོད་བྱེད་ཆོག་པའི་དུས་ཚོད་ཡོལ་ཟིན་པ་ཤ་སྟག་རེད། ཁོ་ཚོ་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ནས་ཐག་གཅོད་བྱེད་དུ་འཇུག་གི་ཡོད་ཅེས་བསྒྲགས། ཨུ་རུ་སུའི་གཞུང་གིས་ཕྱི་མི་ངལ་རྩོལ་བ་ཡོང་རྒྱུ་བཀག་ན་རྒྱལ་ཁབ་དེའི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་འཕོག་རྒྱུ་ལྡོག་ཏུ་མེད།།

ཕྱི་ཟླ་༤་པའི་ཚེས་༡་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༣་གྱི་ལོ་མཇུག་ཏུ་ཨུ་རུ་སུར་ངལ་རྩོལ་བ་ས་ཡ་ལྔས་འདང་གི་མེད་པ་དང་༢༠༢༢་ལོར་དམག་ཁྲལ་ལ་གཡོལ་བར་ཨུ་རུ་སུའི་ན་གཞོན་ལས་རྩོལ་བ་ས་ཡ་༡་ལྷག་ཕྱི་རྒྱལ་དུ་བྲོས། ཨུ་རུ་སུའི་གཞུང་འབྲེལ་ཡིག་ཆའི་ནང་དུ་ཕྱི་མི་ངལ་རྩོལ་བ་ས་ཡ་༡་དང་འབུམ་ཡོད་ཅེས་འཁོད། བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་ཨུ་རུ་སུ་རྒྱལ་ཡོངས་སུ་ཕྱི་མི་ངལ་རྩོལ་བ་ས་ཡ་༣་དང་ཕྱེད་ཀ་ནས་ས་ཡ་༥་ཙམ་འདུག་ཅེས་གཞི་གྲངས་བཏོན། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ལོ་༣་འགྲོ་བཞིན་ཡོད་པ་དང་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་བསད་རྨས་བྱུང་། དམག་འཁྲུག་གི་དུས་འདིར་ཨུ་རུ་སུར་ཕྱི་མི་ངལ་རྩོལ་བའི་དགོས་མཁོ་སྔར་ལས་ཆེ་རུ་སོང་། ད་དུང་ཡང་ཨུ་རུ་སུའི་ཡུལ་ཐང་འཕར་ཡོད་པ་དང་དངུལ་ཁང་ཁག་གིས་སྐྱེད་ཀ་སྤར་ཡོད་པ་གཅོག་ཐུབ་ཀྱི་མེད་པས་ཡུན་རིང་དཔལ་འབྱོར་འཕེལ་རྒྱས་ལ་གནོད་པ་ཆེ། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་མཇུག་འབྲས་དེ་ལོ་རིང་མྱོང་དགོས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG