ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༢༤

ཨུ་རུ་སུས་མི་བཞི་ལ་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་བཙུགས།


མོ་སི་ཀོའི་བྷ་ས་མན་ཎི་རྫོང་གི་ཁྲིམས་ཁང་ ས་ཡི་ཌག་ར་མཱི་ར་ཆབ་ལི་ཛོ་དྷ་ ཌ་ལེར་ཌི་ཞོན་མིར་ཛོ་ཡེབ་ མུག་ཧ་མ་ཌ་སོ་བྷིར་ཧྥེ་ཛོབ་ སོན་པའི་མུག་ཧ་མ་ཌ་སོ་བྷིར་ཧྥེ་ཛོབ་
མོ་སི་ཀོའི་བྷ་ས་མན་ཎི་རྫོང་གི་ཁྲིམས་ཁང་ ས་ཡི་ཌག་ར་མཱི་ར་ཆབ་ལི་ཛོ་དྷ་ ཌ་ལེར་ཌི་ཞོན་མིར་ཛོ་ཡེབ་ མུག་ཧ་མ་ཌ་སོ་བྷིར་ཧྥེ་ཛོབ་ སོན་པའི་མུག་ཧ་མ་ཌ་སོ་བྷིར་ཧྥེ་ཛོབ་

༄༅།། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་རོལ་དབྱངས་དཀྲོལ་ཚོགས་ཁང་ཞིག་ལ་རྒོལ་རྡུང་བྱུང་ནས་མི་༡༣༧་བསད་པ་དང་མི་༡༨༢་རྨས། ད་ལྟ་ཨུ་རུ་སུའི་ཁྲིམས་ཁང་ཞིག་གིས་མི་༤་ལ་འཇིགས་སྐུལ་རིང་པའི་ནག་ཉེས་བཙུགས། ཕྱི་ཟླ་༣་པའི་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་དེ་དག་ཁྲིམས་ཁང་ལ་ཁྲིད་ཡོང་བའི་སྐབས་སུ་རྡུང་རྡེག་ཕོག་ཡོད་པ་དང་མི་གཅིག་ཤི་མིན་རོ་མིན་ཙམ་དུ་གྱུར་ཡོད་པའི་རྣམ་པ་ཞིག་མངོན། ཁྲིམས་ཁང་གི་ཡིག་ཆའི་ནང་དུ་མི་གཉིས་ཀྱིས་མོ་སི་ཀོའི་ཚོགས་ཁང་དེར་གཏོར་རྒོལ་བྱས་པའི་ནག་ཉེས་ངོས་ལེན་བྱས་པ་རེད་ཅེས་འཁོད་ཀྱང་མི་དེ་ཚོར་མནར་གཅོད་བཏང་ནས་ནག་ཉེས་ངོས་ལེན་བྱེད་དུ་བཅུག་པ་ཡིན་མིན་བཤད་དཀའ། ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཁག་གིས་མི་བཞིའི་ནང་གི་གསུམ་གྱིས་ནག་ཉེས་ངོས་ལེན་བྱས་པ་རེད། བདེ་འཇགས་ལས་ཁུངས་ཀྱིས་འདྲི་གཅོད་བྱས་པའི་རྒྱུད་རིམ་ཁྲོད་དུ་མི་དེ་ཚོར་རྡུང་རྡེག་དྲག་པོ་བཏང་སྟེ་ཁ་ངོ་ཐམས་ཅད་སྐྲངས་འདུག་ཅེས་གནས་ཚུལ་སྤེལ།།

མོ་སི་ཀོའི་བྷ་ས་མན་ཎི་རྫོང་གི་ཁྲིམས་ཁང་ནས་མི་དེ་ཚོ་ལོ་ན་༣༢་ལ་སོན་པའི་ཌ་ལེར་ཌི་ཞོན་མིར་ཛོ་ཡེབ་དང་ལོ་ན་༣༠་ཐམ་པར་སོན་པའི་ས་ཡི་ཌག་ར་མཱི་ར་ཆབ་ལི་ཛོ་དྷ་དེ་བཞིན་ལོ་ན་༢༥་ལ་སོན་པའི་ཤམ་སི་ཌིན་ཧྥ་རི་དྷུ་ཎི་དང་ལོ་༡༩་ལ་སོན་པའི་མུག་ཧ་མ་ཌ་སོ་བྷིར་ཧྥེ་ཛོབ་བཅས་རེད། ཁོ་ཚོ་ཁྱིམ་མཚེས་རྒྱལ་ཁབ་ཏ་ཇིག་སི་ཐན་གྱི་སྤྱི་དམངས་རེད་ཅེས་ངོ་ཐག་བཅད། མི་དེ་ཚོ་ཕྱི་ཟླ་༥་པའི་ཚེས་༢༢་བར་དུ་འཛིན་བཟུང་བྱས་ནས་འདྲི་གཅོད་བྱ་དགོས། དེའི་རྗེས་སུ་འདྲི་གཅོད་ལ་གཞིགས་ནས་ཁྲིམས་བཤེར་བྱ་དགོས་པའི་ཐག་གཅོད་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། ཨུ་རུ་སུའི་གཞུང་གི་ཁྲིམས་སྦྱོར་བ་ཚོས་མི་དེ་ཚོར་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱ་དགོས་ཞེས་གཏུགས་བཤེར་བརྒྱབ། ཨུ་རུ་སུའི་ཁྲིམས་ལུགས་སུ་སྐྱེ་བོ་གང་ཞིག་གིས་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་བྱས་ནས་མི་བསད་ན་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་དགོས་ཞེས་འཁོད།།

ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་གྲོང་འདབས་སུ་ཆགས་པའི་ཀ་རོ་ཀ་སི་གྲོང་ཁྱེར་གྱི་ཚོགས་ཁང་དུ་རོལ་དབྱངས་དཀྲོལ་ཚོགས་ཤིག་ཚོགས། མི་བཞིས་ཚོགས་ཁང་ནང་དུ་མེ་མདའ་དང་འབར་མདེལ་འཕངས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་བྱུང་།
ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་གྲོང་འདབས་སུ་ཆགས་པའི་ཀ་རོ་ཀ་སི་གྲོང་ཁྱེར་གྱི་ཚོགས་ཁང་དུ་རོལ་དབྱངས་དཀྲོལ་ཚོགས་ཤིག་ཚོགས། མི་བཞིས་ཚོགས་ཁང་ནང་དུ་མེ་མདའ་དང་འབར་མདེལ་འཕངས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་བྱུང་།

བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་གྲོང་འདབས་སུ་ཆགས་པའི་ཀ་རོ་ཀ་སི་གྲོང་ཁྱེར་གྱི་ཚོགས་ཁང་དུ་རོལ་དབྱངས་དཀྲོལ་ཚོགས་ཤིག་ཚོགས། མི་བཞིས་ཚོགས་ཁང་ནང་དུ་མེ་མདའ་དང་འབར་མདེལ་འཕངས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་ཞིག་བྱུང་། ཁ་ཆེ་རྒྱལ་ཁམས་ཞེས་འབོད་པའི་འཇིགས་སྐུལ་རིང་ལུགས་ཀྱི་སྒྲིག་འཛུགས་དེའི་ཁྱབ་ཁོངས་སུ་གཏོགས་པའི་ཚོགས་པ་ཞིག་གིས་རྒོལ་རྡུང་གི་ལན་ཁག་ངོས་ལེན་བྱས་ཀྱང་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གཏོར་རྒོལ་དེར་འབྲེལ་བ་མཐུད་ཐབས་སུ་འབད། ཨུ་རུ་སུའི་གཞུང་གིས་མི་གཞན་པ་༧་ཡང་བཀག་ཉར་བྱས་ནས་རྒོལ་རྡུང་དེར་འབྲེལ་བ་ཡོད་མེད་རྩད་གཅོད་བྱེད་བཞིན་ཡོད་ཅིང་། ཨ་མི་རི་ཀས་བདུན་ཕྲག་འགའ་ཞིག་གི་སྔོན་དུ་ཨུ་རུ་སུའི་རྒྱལ་ས་མོ་ས་ཀོའམ། ཡང་ན་གྲོང་ཁྱེར་ཆེ་ཁག་ཅིག་ལ་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོས་རྒོལ་བྱ་རྒྱུའི་ཉེན་ཁ་འདུག་ཅེས་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཀྱང་ཉན་འཇོག་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་པ་ཨན་ཌི་རི་ནེ་ཝ་ཊི་སན་་གྱིས་མོ་སི་ཀིའི་ཚོགས་ཁང་དེར་གཏོར་རྒོལ་བྱེད་མཁན་ཁ་ཆེ་རྒྱལ་ཁམས་ཡིན་པར་ཐེ་ཚོམ་ཅི་ཡང་མི་འདུག ཡུཀ་རེན་གཏོར་རྒོལ་དེར་འབྲེལ་བ་མེད་པ་དང་ཁ་ཆེ་རྒྱལ་ཁམས་ལ་རྒོལ་རྡུང་གི་ལན་ཁག་ཡོད་པ་གསལ་པོ་རེད། ང་ཚོས་ཕྱི་ཟླ་༣་པའི་མགོ་སྟོད་དུ་ཨུ་རུ་སུའི་གཞུང་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་དང་རྒྱལ་ཁབ་དེར་གནས་འཁོད་ཨ་རི་བ་ཚོས་ཡིད་གཟབ་བྱ་དགོས་པའི་ཡོངས་གྲགས་ཀྱི་སྔོན་བརྡ་བཏང་བ་ཡིན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། སི་རི་ཡའི་ནང་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་གིས་སྲིད་འཛིན་ཨ་ས་ཐེའི་གཞུང་ལ་སྲུང་སྐྱོར་བྱས་ནས་ཁ་ཆེ་རྒྱལ་ཁམས་ཀྱི་ཁ་གཏད་དུ་ལངས། དེར་བརྟེན་ཁ་ཆེ་རྒྱལ་ཁམས་ཀྱིས་ཨུ་རུ་སུ་གཏོར་རྒོལ་བྱ་ཡུལ་གྱི་དམིགས་འབེན་དུ་བཟུང་། ཨབ་གྷ་ཎི་སི་ཐན་གྱི་ས་ཐོག་ཏུ་ཡོད་པའི་ཁ་ཆེ་རྒྱལ་ཁམས་ཀྱི་ཨཱ་མག་གསར་འགྱུར་དྲྭ་ཚིགས་སུ་ཀ་ར་ས་ནོ་གྷོར་སི་ཀི་ས་གནས་སུ་ཡེ་ཤུ་རྣམས་འདུས་ཡོད་པ་དེར་རྒོལ་རྡུང་བྱས་པ་ཡིན་ཞེས་བསྒྲགས།།

ཨུ་རུ་སུའི་དཔྱད་བརྗོད་པ་ཁག་ཅིག་གིས་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་ནང་གི་ངོ་རྒོལ་དང་ཕྱོགས་འགལ་ཚོགས་པའི་ལས་འགུལ་མཐའ་དག་བཀག་སྟེ་སྲིད་གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་བཙོན་དུ་བཅུག་མོད། འོན་ཀྱང་ད་ཐེངས་ཀྱི་རྒོལ་རྡུང་འདི་འགོག་མ་ཐུབ་པ་ནི་ཆེས་ཐབས་རྡུགས་ཤིག་རེད་ཅེས་ཁ་རྡུང་གཏོང་རྒྱུ་མགོ་བརྩམས། ཉེ་ཆར་ཕུ་ཊིན་སླར་ཡང་ལོ་༦་ལ་ཨུ་རུ་སུའི་སྲིད་འཛིན་དུ་བདམས། ཁོ་པས་ཨུ་རུ་སུ་དམར་ཤོག་གི་རྗེས་སུ་བྱུང་མྱོང་མེད་པའི་གནོན་སྡོམ་དྲག་པོ་བྱེད་ཀྱི་ཡོད་ཀྱང་བདུན་ཕྲག་སྔོན་མའི་རྒོལ་རྡུང་དེ་འགོག་མ་ཐུབ་པ་ནི་ངོ་ཚ་ཁ་སྐྱེངས་ཀྱི་གནས་སུ་གྱུར། ༢༠༡༥་ལོར་ཁ་ཆེ་རྒྱལ་ཁམས་ཀྱིས་ཨུ་རུ་སུའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གི་ནང་དུ་འབར་མདེལ་སྦས་ནས་ཨི་ཇེབ་ལ་གུང་སེང་དུ་བསྐྱོད་པའི་མི་༢༢༤་བསད། ཁ་ཆེ་རྒྱལ་ཁམས་ཀྱིས་ཨུ་རུ་སུ་དང་སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་རྒྱལ་ཕྲན་དུ་གྱུར་པའི་རྒྱལ་ཁབ་ཁག་ནས་འཐབ་མོ་བ་བསྡུས། ཁ་སང་གཟའ་ཉི་མར་ཨུ་རུ་སུ་རྒྱལ་ཡོངས་སུ་རྒྱལ་དར་ཕབ་ནས་བསད་རྨས་བྱུང་བའི་མི་ཚོར་མྱ་ངན་ཞུས།།

ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་རི་ཡ་ཛ་ཁ་རོ་ཝས་
ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་རི་ཡ་ཛ་ཁ་རོ་ཝས་

ཕྱི་ཟླ་༣་པའི་ཚེས་༢༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་ཨ་མི་རི་ཀས་ཁ་ཆེ་རྒྱལ་ཁམས་ལ་རྒོལ་རྡུང་གི་ལན་ཁག་འདུག་ཟེར་གྱི་ཡོད་པ་ནི་ཡིད་རྟོན་རུང་བ་ཞིག་མ་རེད་ཅེས་བཀྲལ། སྲིད་འཛིན་ཕུ་ཊིན་གྱིས་ཁ་ཆེ་རྒྱལ་ཁམས་ཞེས་མ་གླེང་བར་མི་དེ་ཚོ་ཡུཀ་རེན་གྱི་ཕྱོགས་སུ་བྲོས་པ་རེད། ཁོ་ཚོར་ཡུཀ་རེན་གྱི་ཕྱོགས་ནས་མི་ཁག་ཅིག་གིས་འབྲོས་ལམ་གྲ་སྒྲིག་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་བྱས་པར་མ་ཟད། ཨུ་རུ་སུའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་མཱ་རི་ཡ་ཛ་ཁ་རོ་ཝས་ཕོ་བྲང་དཀར་པོས་གཟབ་ནན་བྱོས། ཁ་ཆེ་རྒྱལ་ཁམས་རེད་ཟེར་བ་དེ་ཏན་ཏན་ཡིན་ནམ། སྐད་ཆ་དེར་བསྐྱར་དུ་བསམ་བློ་གཏོང་རྒྱུ་མེད་དམ། ཨ་མི་རི་ཀས་ཁ་ཆེ་རྒྱལ་ཁམས་ལ་ནག་ཉེས་གཡོགས་ནས་ཡུཀ་རེན་གཏོར་རྒོལ་དེར་འབྲེལ་བ་ཡོད་པ་འགེབས་ཐབས་བྱེད་ཀྱི་ཡོད་པ་ཡིན་སྲིད། ལོ་རབས་༨༠་པའི་ནང་དུ་ཨ་མི་རི་ཀས་ཁ་ཆེའི་མུ་ཇཱ་ཧི་དིང་སྟེ། ཁ་ཆེའི་བསྟན་སྲུང་དམག་ལ་རྒྱབ་སྐྱོར་བྱས་ནས་ཨུ་རུ་སུ་དམར་ཤོག་ལ་འཐབ་རྒོལ་བྱས་པ་རེད་ཅེས་རྩོམ་ཡིག་བྲིས།།

གསར་འགོད་པ་ཚོས་ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་གིས་མོ་སི་ཀོའི་ཚོགས་ཁང་ཞིག་ལ་གཏོར་རྒོལ་འབྱུང་རྒྱུ་ཡིན་མིན་ཅིའི་ཕྱིར་མ་ཤེས་པ་རེད་ཅེས་དྲིས། ཀེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་(Peskov)་ཀྱིས་དྲྭ་ལམ་དུ་སེམས་ཚོར་དྲག་པོ་དང་ཁོ་ཁྲོ། འཁྲུག་རྩོད་སློང་བ་སོགས་ཀྱི་འུར་སྒྲོག་བྱེད་བཞིན་པའི་སྒང་རེད། འཛམ་གླིང་རྒྱལ་ཁབ་ཁག་དང་གྲོང་ཁྱེར་གཅིག་ལའང་འཇིགས་སྐུལ་རིང་ལུགས་ཀྱི་གཏོར་རྒོལ་མ་ཕོག་པར་ཐར་ས་ཡོད་རྒྱུ་མ་རེད། ཨུ་རུ་སུའི་གསང་བའི་ལས་ཁུངས་ཁག་གིས་ངལ་བ་འཛེམས་ཀྱིས་ཞིབ་འཇུག་བྱེད་བཞིན་ཡོད། ང་ཚོའི་རྒྱལ་ཁབ་ལ་འཕྲད་བཞིན་པའི་ཉེན་ཁ་ཡོད་དོ་ཅོག་ལ་གདོང་ལེན་བྱེད་ཀྱི་ཡོད། རྒྱལ་སྤྱིའི་ཐོག་ཏུ་མཉམ་འབྲེལ་གང་ལེགས་བྱ་དགོས་ཀྱང་མཉམ་འབྲེལ་ཡོང་གི་མི་འདུག་ཅེས་བསྟན། མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཨ་མི་རི་ཀས་ཨུ་རུ་སུར་གཏོར་རྒོལ་འབྱུང་ས་རེད་ཅེས་སྔོན་བརྡ་བཏང་ཡོད་མེད་ཐད་གསལ་བཀྲོལ་མ་བྱུང་ཞིང་། ཁོ་པས་གནད་དོན་འདི་གསང་བ་ཡིན་པས་ཕྱིར་བསྒྲགས་བྱ་རྒྱུ་སྟབས་བདེ་པོ་མི་འདུག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཀེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་
ཀེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་

ཕྱི་ཟླ་༣་པའི་ཚེས་༢༥་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཁྲིམས་ཁང་གིས་གཏོར་རྒོལ་བྱེད་མཁན་དེ་རྣམས་ཏ་ཇིག་སི་ཐན་གྱི་སྤྱི་དམངས་རེད་ཅེས་ཐག་བཅད་ཅིང་། ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཁག་གིས་ཏ་ཇིག་སི་ཐན་བ་ཁག་ཅིག་རྒོལ་རྡུང་དེར་འབྲེལ་བ་འདུག་ཅེས་གནས་ཚུལ་སྤེལ། དེང་སྐབས་ཨུ་རུ་སུའི་ས་གནས་ཁག་ཏུ་གནས་འཁོད་ཏ་ཇིག་སི་ཐན་བ་ཚོར་སྡང་ཟུག་བྱ་རྒྱུ་འགོ་ཚུགས། མོ་སི་ཀོ་གཙོས་ཨུ་རུ་སུའི་གྲོང་ཁྱེར་ཁག་ཏུ་ཏ་ཇིག་སི་ཐན་དང་དབུས་ཨེ་ཤི་ཡའི་ཁ་ཆེ་རྒྱལ་ཁབ་ཁག་གི་ངལ་རྩོལ་བ་ས་ཡ་མང་པོ་བསླེབས་ནས་འཚོ་ཐབས་བཙལ། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་གྱི་བྷ་ལ་གྷོ་ཝེ་ཤེ་ཆཱེན་སི་ཀི་གྲོང་ཁྱེར་དུ་ཏ་ཇིག་སི་ཐན་བ་ཞིག་གིས་གཉེར་བཞིན་པའི་ཟ་ཁང་མེར་བསྲེགས། ཨུ་རུ་སུའི་ནུབ་ཕྱོགས་ཀྱི་ཀ་ལུ་གྷ་གྲོང་ཁྱེར་དུ་ཏ་ཇིག་སི་ཐན་བ་འགའ་ཞིག་ལ་རྡུང་རྡེག་ཕོག ཨུ་རུ་སུའི་གྲོང་ཁྱེར་འགའ་ཞིག་གི་ནང་དུ་གླ་འཁོར་གྱི་ཁ་ལོ་བ་རྣམས་ཏ་ཇིག་སི་ཐན་བ་ཡིན་ན་གླ་འཁོར་ནང་དུ་བསྐྱོད་རྒྱུ་མིན་ཞེས་ཚོང་འབྲེལ་གཅོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག


གླེང་སྟེགས།

XS
SM
MD
LG