ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༡༢/༠༦

ཡུཀ་རེན་གྱིས་དཔུང་འཇུག་མ་བྱས་གོང་དུ་ཁར་སན་གྲོང་གི་མི་མང་ཉེན་བྱོལ། 


༄༅།། ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཆགས་པའི་ཁར་སན་གྲོང་ཁྱེར་ལ་དཔུང་འཇུག་མ་བྱས་གོང་དུ་ཨུ་རུ་སུས་གཞུང་གིས་བསྐོ་བཞག་བྱས་པའི་ས་གནས་དེའི་གཞུང་འབྲེལ་མི་སྣ་ཚོ་དང་མི་མང་དཀྱུས་མ་སྟོང་ཕྲག་མང་པོ་ཉེན་བྱོལ་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་བསྐོས་པའི་ཁར་སན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཝ་ལ་ཌི་མཱིར་སལ་ཌོ་ཞེས་པ་ཞིག་གིས་ཌི་ཎི་པེར་གཙང་པའི་ནུབ་ཕྱོགས་སུ་ཆགས་པའི་གྲོང་རྡལ་བཞིའི་མི་མང་དཀྱུས་མ་ཁྲི་ཚོ་༥་ནས་ཁྲི་ཚོ་༦་ཡས་མས་ཤིག་ཉེན་བྱོལ་དུ་འགྲོ་དགོས་ངེས་རེད། མི་མང་དེ་ཚོར་རིམ་བཞིན་སྡོད་ཁྱིམ་བཀོད་སྒྲིག་བྱ་འཆར་ཡོད། ང་ཚོས་མགོ་སྒུར་གྱི་ཡོད་པ་མིན་རུང་ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་ཡོང་གི་ཡོད་པའི་སྐབས་འདིར་མི་མང་རྣམས་སྔར་བཞིན་གྲོང་ཁྱེར་ནང་ལ་གནས་སྡོད་བྱེད་དུ་འཇུག་རྒྱུ་ཐབས་མཁས་ཤིག་མ་རེད། འདས་པའི་ཉི་མ་གཉིས་ཀྱི་རིང་མི་༥༠༠༠་ལྷག་ཁར་སན་གྲོང་ཁྱེར་ནས་ཉེན་བྱོལ་དུ་བཏང་ཟིན། ཡུཀ་རེན་གྱི་དམག་གིས་རྒོལ་རྡུང་ཚབས་ཆེན་ཞིག་བྱས་ནས་ཀ་ཀོབ་ཀ་ཆུ་མཛོད་གཏོར་རྒྱུ་དང་ཁར་སན་གྲོང་ཁྱེར་ལ་ཆུ་ལོག་རྒྱུག་ཏུ་འཇུག་རྒྱུའི་ཉེན་ཁ་འདུག་ཅེས་བཀྲལ། ཁར་སན་ཞིང་ཆེན་ནི་ཡུཀ་རེན་གྱི་དམག་འཁྲུག་གི་མགོ་སྟོད་དེར་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་གནས་སྔ་ཤོས་དེ་ཡིན་ཞིང་། ད་ལྟ་ཨུ་རུ་སུའི་གཞུང་གིས་བཙུགས་པའི་ཁར་སན་གྲོང་ཁྱེར་གྱི་གཞུང་གི་ལས་ཁུངས་ཁག་ཀྱང་ཌི་ཎི་པེར་གཙང་པོ་བརྒལ་ནས་སྤོར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་སྟེ། ཨུ་རུ་སུའི་བརྙན་འཕྲིན་ནང་དུ་ཁར་སན་གྲོང་ཁྱེར་གྱི་མི་མང་རྣམས་ཌི་ཎི་པེར་གཙང་པོའི་འགྲམ་དུ་གྲུ་གཟིངས་ལ་སྒུག་ཡོད་པའི་བརྙན་པར་བསྟན། ཁར་སན་གྲོང་ཁྱེར་གྱི་མི་མང་ཅི་ཙམ་གཙང་པོ་བརྒལ་ནས་ཨུ་རུ་སུའི་ཕྱོགས་སུ་འགྲོ་འདོད་ཡོད་མེད་ངེས་གཏན་བྲལ། རྒྱལ་སྤྱིའི་ཁྲིམས་ལུགས་སུ་བཙན་འཛུལ་བ་ཞིག་གིས་བཙན་འཛུལ་བྱ་ཡུལ་དེའི་མི་མང་དཀྱུས་མ་ཚོ་གནས་སྤོར་བྱ་དགོས་པའི་བཀའ་བཏང་བ་ནི་དམག་འཁྲུག་གི་ནག་ཉེས་སུ་རྩི།།

ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་པཱོ་ཌོ་ལི་ཡག་གིས་ཨུ་རུ་སུས་གཡོ་ཁྲམ་གྱི་འོས་འདེམས་བྱས་ནས་ཁར་སན་མངའ་ཁུལ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡུས་ནས་ཟླ་བ་གཅིག་ཀྱང་ཕྱིན་མེད་པ་རེད། ཁོ་ཚོས་དོན་དངོས་ལ་བསྙོན་ཏེ་འཕྲུལ་སྣང་གི་ཀློང་ནས་ཐར་མ་ཐུབ་ན་ཕམ་ཉེས་འབྱུང་རྒྱུ་ལྡོག་ཐབས་མེད་ཅེས་སྨྲས། ཁ་སང་གཟའ་མིག་དམར་གྱི་ཕྱི་དྲོར་ཉེ་ཆར་ཕུ་ཊིན་གྱིས་གསར་དུ་བསྐོ་བཞག་བྱས་པའི་ཡུཀ་རེན་གྱི་དམག་འཁྲུག་གི་ཨུ་རུ་སུའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་སར་གྷེ་སུ་རོ་ཝི་ཀིན་གྱིས་ཁར་སན་གྲོང་ཁྱེར་བདག་འཛིན་བྱེད་ཐུབ་རྒྱུ་ཁག་པོ་རེད། ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་ཡོང་གི་ཡོད་པ་འགོག་དཀའ། ས་གནས་དེའི་ཡུལ་མི་རྣམས་ཉེན་བྱོལ་དུ་འགྲོ་བར་གནས་སྤོར་བྱེད་དུ་འཇུག་གི་ཡིན། དགྲ་བོས་ཨུ་རུ་སུའི་དམག་གི་བཙན་ས་ཁག་ལ་གཏོར་རྒོལ་བྱ་རྒྱུ་མཚམས་འཇོག་བྱེད་ཀྱི་མི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ཨུ་རུ་སུའི་གཞུང་གིས་བསྐོས་པའི་གཞུང་འབྲེལ་མི་སྣ་ཀི་རིལ་སི་ཊི་རེ་མོ་སོབ་ཟེར་བ་ཞིག་གིས་ཀྱང་ཡུཀ་རེན་གྱི་དམག་གིས་མགྱོགས་པོ་ཁར་སན་གྲོང་ཁྱེར་ལ་དཔུང་འཇུག་བྱ་འཆར་འདུག ང་ཚོ་བྲོས་ནས་འགྲོ་ཡི་ཡོད་པ་མིན་རུང་རང་གི་ཚེ་སྲོག་སྐྱོབ་ཐབས་བྱེད་ཀྱི་ཡོད། མི་མང་རྣམས་འཕྲལ་དུ་གཙང་པའི་གཡོན་ཕྱོགས་སུ་ཕྲོས་ཞེས་བསྐུལ། ཉེ་དུས་ཤིག་ནས་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་རྒྱལ་ཁབ་དེའི་ཤར་ཕྱོགས་དང་བྱང་ཤར། ལྷོ་ཕྱོགས་བཅས་ནས་ཨུ་རུ་སུས་བཙན་གྱིས་ཕྲོགས་པའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་ཕྲག་མང་པོ་ཕྱིར་ལེན་བྱེད་ཀྱི་ཡོད་པར་མ་ཟད། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ཡང་ཕྱིར་ལེན་བྱེད་ཐུབ་རྒྱུའི་རྣམ་པ་ཞིག་ཐོན།།

ད་ལྟ་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་འཕྲལ་དུ་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོ་ཚོགས་འདུར་བསྐོངས་ནས་ཡུཀ་རེན་གྱི་དཔུང་འཇུག་ལ་འགོག་རྒོལ་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱ་འཆར་ཡོད་ཅིང་། ཡུཀ་རེན་གྱི་ཁར་ཀིབ་གྲོང་ཁྱེར་གྱི་སྤྱི་ཁྱབ་ཨི་ཧོར་ཏེ་རེ་ཀོབ་ཀྱིས་མདང་དགོང་ཨུ་རུ་སུའི་དམག་གིས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་༡༣་གྱིས་མཱི་ཀོ་ལེ་ཡིབ་ས་ཁུལ་གཏོར་རྒོལ་བྱས་ཀྱང་འཕུར་གྲུ་དེ་རྣམས་བར་སྣང་དུ་གཏོར་ཐུབ་སོང་། ཨུ་རུ་སུས་གཏོར་རྒོལ་བྱས་ནས་ཁར་ཀིབ་གྲོང་ཁྱེར་གྱི་ཡུལ་མི་འབུམ་༡་དང་ཕྱེད་ཀ་ལྷག་ལ་སྡོད་ཁྱིམ་མེད་ཅེས་བཤད། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་དཔུང་འཇུག་བྱས་ནས་ས་ཐོག་ཏུ་འཐབ་འཁྲུག་རྒྱག་ཐུབ་ཀྱི་མེད་ཀྱང་ཨི་རན་དང་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱས་པའི་འཕུར་མདེལ་དང་ཁ་ལོ་བ་མེད་པའི་འཕུར་གྲུ། རྒྱང་ནས་མེ་སྒྱོགས་བརྒྱབ་སྟེ་ཡུཀ་རེན་གྱི་གློག་ཁང་ཁག་དང་འཐུང་ཆུ་འདྲེན་གཏོང་ཁང་བཅས་ལ་གཏོར་རྒོལ་བྱས་ནས་ཡུཀ་རེན་གྱི་གྲོང་ཁྱེར་མང་པོར་གློག་དང་འཐུང་ཆུ་ཆད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་ཉི་མ་རེ་ཟུང་ཞིག་གི་རིང་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་ཁུལ་གཉིས་ཀྱི་གཞིས་ཆགས་༡༡་ལ་གཏོར་རྒོལ་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། དེ་བཞིན་ཡུཀ་རེན་གྱི་གནམ་དམག་གི་དར་འཕྲིན་དྲྭ་ལམ་དུའང་ཕྱི་ཟླ་༡༠་པའི་ཚེས་༡༩་བར་དུ་ཨུ་རུ་སུས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུ་༢༢༣་བར་སྣང་དུ་གཏོར་བ་ཡིན་ཞེས་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་གིས་ཁ་ལོ་བ་མེད་པའི་ཨི་རན་གྱི་འཕུར་གྲུ་བཏང་ནས་གཏོར་རྒོལ་བྱས་པའི་རྗེས་སུ་ཡུཀ་རེན་རྒྱལ་ཡོངས་ཀྱི་གློག་ཁང་བརྒྱ་ཆ་༣༠་ལྷག་རྩ་མེད་བཏང་སོང་ཞེས་བསྒྲགས།།

ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལོ་རེའི་རྒྱལ་སྲུང་སྲིད་ཇུས་ཀྱི་ཁྲིམས་ཡིག་ནང་དུ་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་འགྲོ་གྲོན་བཅུག་ཡོད་པར་མྱུར་དུ་ཆོག་མཆན་འགོད་དགོས་ཞེས་འབོད་སྐུལ་ཞུས། ཡུཀ་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཨེ་སི་ཊོ་ཎི་ཡའི་རྒྱལ་སྲུང་བློན་ཆེན་ཨ་མི་རི་ཀར་འཚམས་འདྲིར་ཕེབས་ནས་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ཞི་འཇམ་འགྲོ་རྒྱུ་ཁག་པོ་རེད། ཨ་མི་རི་ཀས་ཨུ་རུ་སུའི་མཐའ་མཚམས་ཁག་ཏུ་ཆགས་ཡོད་པའི་རྒྱལ་ཁབ་ཁག་ལ་བདེ་འཇགས་སྲུང་དམག་མང་དུ་གཏོང་དགོས། ཨ་མི་རི་ཀས་ནུབ་ཆིངས་ཀྱི་དམག་དཔུང་ཁོངས་སུ་ཨེ་སི་ཊོ་ཎི་ཡར་དམག་དཔུང་ཁ་སྣོན་གཏོང་རྒྱུའི་གྲོས་མཐུན་བྱུང་ཡོད། ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨུ་རུ་སུའི་དམག་གི་སྟོབས་ཤུགས་རྨེག་མེད་དུ་བཅོམ་ཡང་ལོ་ལྔའི་རྗེས་སུ་ཨུ་རུ་སུའི་དམག་གི་སྟོབས་ཤུགས་སླར་གསོ་འབྱུང་རྒྱུའི་ཉེན་ཁ་ཆེ། དེར་བརྟེན་ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དམག་གི་སྟོབས་ཤུགས་སླར་གསོ་བྱེད་དཀའ་བ་ཞིག་བྱ་དགོས་ཞེས་གྲོས་གཞི་བཏོན། ཁ་སང་གཟའ་མིག་དམར་ཉིན་དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་བྷེན་ཝ་ལ་སི་ཨ་མི་རི་ཀར་ཕེབས་ཏེ་ཝ་ཤིང་ཊོན་དུ་ཨ་རིའི་རྒྱལ་སྲུང་དྲུང་དང་མཐོ་རིམ་དམག་དོན་མི་སྣ་ཚོར་ཐུག་འཕྲད། ཨུ་རུ་སུའི་དམག་འཐབ་སྲིད་ཇུས་ལ་འགྱུར་བ་བཏང་བ་དེར་གདོང་ལེན་ཇི་ལྟར་བྱེད་དགོས་མིན་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ཨུ་རུ་སུས་ཡུཀ་རེན་གྱི་དམག་སྒར་དང་དམག་དོན་ལྟེ་གནས་ཁག་མ་ཡིན་པར་མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་དང་གློག་ཁང་། འཐུང་ཆུ་འདྲེན་གཏོང་ཁང་། གཞི་རྩའི་རྨང་གཞིའི་མཐུན་རྐྱེན་ཁག་ལ་གཏོར་རྒོལ་བྱེད་ཀྱི་འདུག དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་དང་ཨ་རིའི་རྒྱལ་སྲུང་དྲུང་ཆེ་སོགས་ཀྱིས་ཝ་ཤིང་ཊོན་དུ་གནད་དོན་ཅི་ཞིག་ལ་གྲོས་སྡུར་བྱེད་ཀྱི་ཡོད་མེད་ངས་ཚོད་དཔག་བྱས་ནས་བཤད་རྒྱུ་མིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ།།

ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཨི་རན་གྱིས་དམག་སྦྱོང་དགེ་རྒན་བཏང་སྟེ་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་པའི་ཁེ་རེ་མཱི་ཡ་གླིང་ཟུར་དུ་ཨུ་རུ་སུའི་དམག་ལ་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་བཀོལ་སྤྱོད་ཇི་ལྟར་བྱེད་དགོས་མིན་སྦྱོང་བརྡར་སྤྲད། ཨུ་རུ་སུའི་དམག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཕྱོགས་ཡོངས་ནས་ཕམ་ཉེས་བྱུང་བའི་རྗེས་སུ་ཁ་ལོ་བ་མེད་པའི་འཕུར་གྲུས་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས། ཡུཀ་རེན་གྱི་དམག་འཁྲུག་སྐབས་སུ་ཨི་རན་དང་ཨུ་རུ་སུའི་འབྲེལ་བ་ཡག་ཏུ་འགྲོ་བཞིན་པའི་རྣམ་པ་ཞིག་ཐོན། ཨུ་རུ་སུས་ཨི་རན་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་བརྒྱ་ཕྲག་འགའ་ཞིག་ནང་འདྲེན་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་མོད། སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ཨི་རན་གཞུང་ལ་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་ཞིང་། གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨི་རན་དང་ཨུ་རུ་སུའི་འབྲེལ་བ་དམ་ཟབ་ཏུ་འགྱུར་གྱི་ཡོད་པ་ཉེན་ཁ་ཆེན་པོ་ཞིག་རེད་ཅེས་བཤད། ཨི་རན་གྱིས་དམག་སྦྱོང་དགེ་རྒན་ཅི་ཙམ་ཁེ་རེ་མཱི་ཡ་གླིང་ཟུར་དུ་བཏང་ཡོད་མེད་གསལ་པོ་ཞིག་ཤེས་རྟོགས་མི་ཐུབ་ཀྱང་ཨ་རིའི་གསང་བའི་ལས་ཁུངས་ནས་ཨི་རན་གྱི་དམག་སྦྱོང་དགེ་རྒན་བཅུ་གྲངས་ཤིག་བཏང་ཡོད་པའི་ཚོད་དཔག་བྱས་འདུག ཨ་མི་རི་ཀ་དང་དབྱིན་ཇི། ནུབ་ཕྱོགས་ཀྱི་དམག་དོན་ཉམས་ཞིབ་པ་ཚང་མས་ཨུ་རུ་སུས་ཨི་རན་ནས་ནང་འདྲེན་བྱས་པའི་ཁ་ལོ་བ་མེད་པའི་འཕུར་གྲུས་ཡུཀ་རེན་ལ་གཏོར་རྒོལ་བྱས་ནས་དམག་འཁྲུག་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་རེད། ཨི་རན་གྱི་ཁ་ལོ་བ་མེད་པའི་འཕུར་གྲུ་རེར་ཉུང་མཐའ་ཡང་ཨ་སྒོར་ས་ཡ་འགའ་རེ་རིན་པ་སྤྲོད་དགོས་པ་དང་ཨུ་རུ་སུར་དམག་དོན་འགྲོ་གྲོན་ཆད་གྲབས་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG