ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༠༧/༡༥

བལ་ཡུལ་གྱི་གཞུང་འཛིན་ཚོགས་པ་ཁ་འཐོར་འགྲོ་ཉེན། 


བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་དང་མཐོ་རིམ་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་གཉིས།
བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་དང་མཐོ་རིམ་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་གཉིས།

༄༅།། བལ་ཡུལ་གྱི་སྲིད་བློན་ཤར་མ་ཨོ་ལི་དང་མཐོ་རིམ་འགོ་ཁྲིད་པུ་ཤ་པ་ཀ་མལ་དྷལ་གཉིས་དབང་རྩོད་བྱུང་སྟེ་གཞུང་འཛིན་དམར་ཤོག་ཚོགས་པ་ཁ་འཐོར་དུམ་བུར་གཏོང་རྒྱུའི་མཚམས་སུ་སླེབས་འདུག ཉེ་བའི་ཟླ་ཤས་ཤིག་ནས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་བྱུང་སྟེ་སྲིད་གཞུང་ཁ་འཐོར་འགྲོ་གྲབས་སུ་གྱུར་ཀྱང་བལ་ཡུལ་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པས་བར་འདུམ་བྱས་ནས་ད་ལྟའི་བར་དུ་ཁུངས་འཁྱོལ་ཙམ་བྱུང་ཞིང་། གཟའ་མཇུག་དེར་བལ་ཡུལ་གྱི་སྲིད་བློན་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ཐུག་འཕྲད་བྱས་ནས་སྲིད་བློན་ཨོ་ལིས་གཞུང་འཛིན་དམར་ཤོག་ཚོགས་པ་དུམ་བུར་གཏོང་དགོས་པའི་གྲོས་གཞི་བཏོན་བྱུང་ཞེས་པུ་ཤ་པ་ཀ་མལ་དྷལ་གྱིས་གསར་འགོད་པ་ཚོར་བཤད། ཁ་སང་གཟའ་ཉི་མའི་ཉིན་པུ་ཤ་པ་ཀ་མལ་དྷལ་གྱིས་རང་ཕྱོགས་སུ་མཐོ་རིམ་འགོ་ཁྲིད་༩་ཡོད་པ་དེའི་གྲས་ཀྱི་མི་༥་བསྡུ་སྐོང་བྱས་ནས་སྲིད་བློན་ཨོ་ལིས་གཞུང་འཛིན་དམར་ཤོག་ཚོགས་པའི་རྒྱུན་ལས་རྣམ་པའི་ཚོགས་འདུ་བསྐོང་རྒྱུ་མིན། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁང་གི་ཐག་གཅོད་ཁག་ལའང་བརྩི་འཇོག་བྱ་རྒྱུ་མིན། གལ་སྲིད་སུ་ཞིག་དེ་ལ་འཐད་པ་མེད་ན་ང་ཚོས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་དུམ་བུར་གཏོང་ཆོག་པའི་གྲོས་གཞི་བཏོན་བྱུང་ཞེས་བཤད་འདུག

བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་དང་ཧི་མ་ལ་ཡའི་ཉིན་རེའི་ཚོགས་པར་གཉིས་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཝྭི་ཤི་ནུ་ཕཱོ་ཌེལ་གྱིས་མིག་སྔར་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཁ་འཐོར་འགྲོ་རྒྱུའི་ཛ་དྲག་གི་མཚམས་སུ་སླེབས་འདུག ངས་སྲིད་དོན་ཚོགས་པའི་འགོ་ཁྲིད་ཚོ་དང་ལས་སྣེ་རྣམ་པ། བློ་མཐུན་རྣམས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་འགལ་ཟླ་རྣམས་སེལ་ཕྱོགས་ལ་ལེགས་སྐྱེལ་འབུལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕཱོན་ཌེལ་གྱི་འཕྲིན་ཐུང་དེའི་རྗེས་སུ་པུ་ཤ་པ་ཀ་མལ་དྷལ་གྱིས་སྲིད་བློན་ཨོ་ལིས་བལ་ཡུལ་གྱི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་འགལ་ཟླ་ཡོད་བཞིན་དུ་སྲིད་གཞུང་མཉམ་སྐྱོང་བྱ་དགོས་དོན་མི་འདུག དེའི་ཚབ་ཏུ་སྲིད་དོན་ཚོགས་པ་ཁ་གཏོར་བཏང་ན་དགེ་མཚན་ཡོད་པའི་གྲོས་གཞི་བཏོན་སོང་ཞེས་རང་ཕྱོགས་ཀྱི་མཐོ་རིམ་འགོ་ཁྲིད་ཚོར་བཤད། བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པའི་ཚོགས་མི་མང་དག་ཅིག་གིས་སྔ་མོ་ནས་སྲིད་བློན་ཤར་མ་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་ནམ་ཡང་འཆམ་མི་སྲིད། ཉི་མ་གཅིག་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་ཁ་འཐོར་དུམ་བུར་འགྲོ་རྒྱུ་ཉག་ཅིག་རེད་ཅེས་ཚོད་དཔག་བྱས་ནས་གླེང་སློང་བྱུང་བ་དངོས་སུ་འབྱུང་གི་ཡོད་པ་རེད།།

ད་ལྟའི་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་ནི་ཤར་མ་ཨོ་ལིས་འགོ་ཁྲིད་པའི་བལ་ཡུལ་གྱི་མར་ཁེ་སི་དང་ལེ་ཉིན་རིང་ལུགས་ཀྱི་མཉམ་འབྲེལ་དམར་ཤོག་ཚོགས་པ་དང་། པུ་ཤ་པ་ཀ་མལ་དྷལ་གྱིས་འགོ་ཁྲིད་པའི་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་གཅིག་གྱུར་བྱས་ནས་མཉམ་དུ་བཙུགས་པའི་སྲིད་དོན་ཚོགས་པ་ཞིག་ཡིན། བལ་ཡུལ་གྱི་དམར་ཤོག་ཚོགས་པ་གཉིས་ཀྱི་ལྟ་བ་དང་བསམ་བློ། དམར་ཤོག་ཚོགས་པའི་རྒྱུད་པ་གཉིས་མ་འདྲ་བ་ཞིག་ཡིན་པས་སྲིད་དོན་ཚོགས་པའི་ནང་ཁུལ་དུ་གཞུང་འཛིན་དམར་ཤོག་ཚོགས་པའི་མཐུན་སྒྲིལ་ཡུན་གནས་ཐུབ་མིན་ལ་དོགས་པ་བྱུང་། སྲིད་བློན་ཨོ་ལི་དང་པུ་ཤ་པ་ཀ་མལ་དྷལ་གཉིས་མི་འཆམ་པའི་འགལ་ཟླ་གཙོ་བོ་ནི་སྲིད་དབང་བགོ་བཤའ་རྒྱག་རྒྱུ་དེར་ཐུག་འཕྲད་ཡོད་པ་སྟེ། དེང་སྐབས་ཤར་མ་ཨོ་ལིས་བལ་ཡུལ་གྱི་སྲིད་བློན་དང་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་གཙོ་འཛིན་གྱི་གོ་གནས་གཉིས་ཀ་བཟུང་འདུག པུ་ཤ་པ་ཀ་མལ་དྷལ་གྱིས་སྲིད་བློན་ཨོ་ལིས་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་གཙོ་འཛིན་གྱི་གོ་གནས་འཛིན་ན་སྲིད་བློན་གྱི་ལས་གནས་བློས་གཏོང་དགོས། གལ་སྲིད་ཤར་མ་ཨོ་ལིས་སྲིད་བློན་གྱི་གོ་གནས་འཛིན་ན་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་གཙོ་འཛིན་གྱི་གོ་གནས་བློས་གཏོང་དགོས། མི་གཅིག་གིས་གཞུང་འཛིན་དམར་ཤོག་ཚོགས་པའི་གོ་གནས་ཡོད་ཚད་འཛིན་མི་ཆོག་ཅེས་རྩོད་པ་བརྒྱབ། ཟླ་ཤས་གོང་དུ་བལ་ཡུལ་གྱི་དམར་ཤོག་གཞུང་འཛིན་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གིས་སྲིད་དབང་ཆ་བགོ་བྱ་དགོས་པའི་ཐག་གཅོད་བྱས་ཀྱང་སྲིད་བློན་ཨོ་ལིས་དེ་ལ་དང་ལེན་བྱེད་ཀྱི་མེད་པ་རེད།།

ཉེ་ཆར་ཕྱི་ཟླ་༩་ཚེས་༡༡་ཉིན་བལ་ཡུལ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ནེ་པལ་དང་ཁ་ནལ། གྷོ་ཏམ་སོགས་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་༣༡་གིས་སྲིད་བློན་ཨོ་ལི་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་གཙོ་འཛིན་དང་སྲིད་བློན་གྱི་ལས་གནས་ནས་གནང་བ་ཞུ་དགོས་ཞེས་གནོན་ཤུགས་སྤྲད། ཡིན་ནའང་སྲིད་བློན་ཨོ་ལིས་པུ་ཤ་པ་ཀ་མལ་དྷལ་ལ་གྲོས་མོལ་བྱས་ནས་གྷོ་ཏམ་དང་ཐ་པ་སོགས་རང་ཕྱོགས་སུ་བཀུག ཟླ་བ་སྔོན་མར་སྲིད་བློན་ཨོ་ལིས་སྐུ་ཞབས་གྷོ་ཏམ་བལ་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོར་བསྐོས། བལ་ཡུལ་གྱི་ཉམས་ཞིབ་པ་ཁག་ཅིག་གིས་ཉེ་ཆར་རྒྱ་གར་གྱི་གསང་བའི་ལས་ཁང་གི་འགན་འཛིན་བལ་ཡུལ་ལ་འཚམས་འདྲིར་ཕེབས་ཏེ་ཕྱི་ཟླ་༡༠་པའི་ཚེས་༢༡་ཉིན་སྲིད་བློན་ཨོ་ལིར་ཐུག་འཕྲད་བྱུང་འདུག ད་ལྟ་སྲིད་བློན་ཨོ་ལིས་བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པ་ཁ་གཏོར་གཏོང་གི་ཡོད་པ་ནི་རྒྱ་གར་གྱི་གསང་བའི་ལས་ཁང་གི་འགན་འཛིན་ལ་ཐུག་འཕྲད་གྲོས་མོལ་བྱས་པར་འབྲེལ་བ་ཡོད་སྲིད་ཅེས་དོགས་སློང་བྱེད་ཀྱི་ཡོད་པར་མ་ཟད། པུ་ཤ་པ་ཀ་མལ་དྷལ་གྱིས་ཀྱང་སྲིད་བློན་ཨོ་ལིས་བློན་ཆེན་ཁག་དང་གཞུང་ཚབ་པ་ཁག་ཅིག་བསྐོ་བཞག་བྱེད་ཕྱོགས། ཀར་ན་ལིའི་སྤྱི་ཁྱབ་བློན་ཆེན་ལ་ཡིད་ཆེས་མེད་ཅེས་གྲོས་ཚོགས་སུ་གླེང་སློང་འབྱུང་གི་ཡོད་པ། སྲིད་བློན་ཨོ་ལི་དང་རྒྱ་གར་གྱི་གསང་བའི་ལས་ཁང་གི་འགན་འཛིན་གཉིས་ཀྱིས་གྲོས་མོལ་ཅི་ཞིག་བྱས་མིན། བལ་ཡུལ་གྱི་བློན་ཆེན་ལྷན་ཁང་ལ་བཅོས་སྒྲིག་བྱ་རྒྱུ་དང་ཏོག་དབྱིབས་རིམས་ནད་སྔོན་འགོག་བཅས་ཀྱི་གནད་དོན་རྣམས་གཞུང་འཛིན་དམར་ཤོག་ཚོགས་པའི་རྒྱུན་ལས་ལྷན་ཚོགས་སུ་སྦྱངས་བཤད་དང་གྲོས་སྡུར་བྱ་དགོས་ཞེས་གྲོས་གཞི་བཏོན་འདུག

༢༠༢༠་ལོའི་ཕྱི་ཟླ་༤་ཡས་མས་ནས་ཤར་མ་ཨོ་ལིས་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་པར་འགྲེམ་བྱས་ནས་རྒྱ་གར་གྱི་འཛིན་སྐྱོང་འོག་ཏུ་ཡོད་པའི་ཀ་ལ་པ་ཎི་དང་ལེགས་ཕུ་ལེ། ལིམ་པི་ཡ་དྷུ་ར་རྣམས་བལ་ཡུལ་གྱི་མངའ་ཁོངས་སུ་བཅུག ཁོང་གིས་རྒྱ་གར་དང་པུ་ཤ་པ་ཀ་མལ་དྷལ་གྱི་ཤོག་ཁག་གཉིས་ཁ་མཐུན་བྱས་ནས་ང་སྲིད་བློན་གྱི་ལས་གནས་ནས་གནས་དབྱུང་གཏོང་ཐབས་བྱེད་ཀྱི་འདུག་ཅེས་གླེང་ཕྱོགས་བཟོས་ཏེ་བལ་ཡུལ་མི་དམངས་ལ་མི་རིགས་རིང་ལུགས་ཀྱི་ལ་རྒྱ་བསླངས། དེར་བརྟེན་སྲིད་བློན་ཨོ་ལིའི་ཁ་གཏད་པ་ཚོས་རང་ལ་རྒྱལ་ཞེན་མེད་པ་དང་བལ་ཡུལ་གྱི་མངའ་ཁོངས་བདག་དབང་ལ་སྲུང་སྐྱོབ་བྱེད་ཀྱི་མེད་པའི་སྐྱོན་འཛུགས་འཕོག་སྲིད་པའི་འཇིགས་སྣང་གིས་སྲིད་བློན་ཨོ་ལིས་འགོ་ཁྲིད་པའི་མཉམ་སྐྱོང་སྲིད་གཞུང་ཁོངས་སུ་བསྡད། པུ་ཤ་པ་ཀ་མལ་དྷལ་གྱི་ཤོག་ཁག་གིས་སྲིད་བློན་ཨོ་ལིར་ཡིད་ཆེས་མེད་པའི་འོས་ཤོག་འཕེན་དགོས་པའི་གྲོས་གཞི་བཏོན། བལ་ཡུལ་གྱི་རྩ་ཁྲིམས་ལྟར་གྲོས་ཚོགས་འཐུས་མི་ཚོས་བར་གསེང་བཞག་སྟེ་འཚོགས་ཀྱི་མེད་ཀྱང་གྲོས་ཚོགས་འཐུས་མི་བཞི་ཆའི་གཅིག་གིས་ཚོགས་འདུ་འཚོགས་དགོས་པའི་དགོས་འདུན་བཏོན་ཚེ། གཞུང་འཛིན་ཚོགས་པས་ཛ་དྲག་གི་ཚོགས་འདུ་བསྐོང་ཆོག་གི་ཡོད་པ་དང་པུ་ཤ་པ་ཀ་མལ་དྷལ་གྱིས་རང་ཕྱོགས་ཀྱི་གྲོས་ཚོགས་འཐུས་མི་རྣམས་འཕྲལ་དུ་རྒྱལ་ས་ཀ་ཐ་མན་རྡུར་འཛོམས་དགོས་པའི་བརྡ་བརྒྱབ་འདུག བལ་ཡུལ་གྱི་གཞུང་འཛིན་དམར་ཤོག་ཚོགས་པར་རྒྱུན་ལས་འཐུས་མི་༤༤་ཡོད་པ་དེའི་ཁོངས་སུ་སྲིད་བློན་ཨོ་ལིར་རྒྱབ་སྐྱོར་པ་༡༤་དང་པུ་ཤ་པ་ཀ་མལ་དྷལ་ལ་རྒྱབ་སྐྱོར་པ་བཅུ་བདུན། ནེ་པལ་ལ་རྒྱབ་སྐྱོར་པ་འཐུས་མི་༡༣་ཡོད་ཅིང་། སྲིད་བློན་ཨོ་ལིར་གཞུང་འཛིན་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཁོངས་སུ་འཐུས་མི་གྲངས་མང་གི་རྒྱབ་སྐྱོར་མ་ཐོབ། བལ་ཡུལ་གྱི་གྲོས་ཚོགས་སུ་གཞུང་འཛིན་དམར་ཤོག་ཚོགས་པར་འཐུས་མི་༡༧༢་ཀྱི་གནད་གྲངས་ཡོད་པ་དེའི་ཁོངས་སུ་སྲིད་བློན་ཨོ་ལིར་འཐུས་མི་༧༥་ནས་༨༠་ཡས་མས་ཤིག་གི་རྒྱབ་སྐྱོར་པ་དང་པུ་ཤ་པ་ཀ་མལ་དྷལ་ལ་འཐུས་མི་༥༠་ཡས་མས་ཤིག་གི་རྒྱབ་སྐྱོར་པ། ནེ་པལ་ལ་འཐུས་མི་༤༠་ནས་༤༥་ཡས་མས་ཤིག་གི་རྒྱབ་སྐྱོར་པ་ཡོད་མོད། འོན་ཀྱང་སྲིད་དོན་ཉམས་ཞིབ་པ་ཚོས་བལ་ཡུལ་གྱི་སྲིད་དོན་ཚོགས་པ་ཚོར་རྒྱལ་ཡོངས་གྲོས་ཚོགས་སུ་རྒྱབ་སྐྱོར་པ་ཡོད་པའི་གདན་གྲངས་དེ་ཚོར་ངེས་གཏན་ཅི་ཡང་མེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG