ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་ཌོ་ནལ་ཊམ་གྱི་ཕྱོགས་གཏོགས་མིན་པའི་རྣམ་པ་སྟོན་ཐབས།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དང་རྒྱལ་སྲུང་དྲུང་ཆེ་ཨེ་སི་པཱར་གཉིས་ཀྱིས་རྒྱ་གར་གྱི་འབྲེལ་ཡོད་བློན་ཆེན་གཉིས་དང་ལྷན་གསར་འགོད་གསལ་བསྒྲགས་གནང་བ།་
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དང་རྒྱལ་སྲུང་དྲུང་ཆེ་ཨེ་སི་པཱར་གཉིས་ཀྱིས་རྒྱ་གར་གྱི་འབྲེལ་ཡོད་བློན་ཆེན་གཉིས་དང་ལྷན་གསར་འགོད་གསལ་བསྒྲགས་གནང་བ།་

༄༅།། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དང་རྒྱལ་སྲུང་དྲུང་ཆེ་ཨེ་སི་པཱར་གཉིས་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་ཕྱོགས་གཉིས་ཀྱི་རྒྱལ་སྲུང་མཉམ་འབྲེལ་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། རྒྱ་གར་དང་ཨ་མི་རི་ཀས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་དམིགས་སུ་འཛིན་དགོས་པའི་གྲོས་སྡུར་ལྷུག་པོ་བྱུང་། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་ཕྱི་སྲིད་དང་རྒྱལ་སྲུང་དྲུང་ཆེ་རྣམ་གཉིས་ཀྱིས་སྲིད་བློན་མོ་དྷིར་ཐུག་འཕྲད་བྱས་ནས་ཨ་མི་རི་ཀས་རྒྱ་གར་ལ་མཐུན་གྲོགས་སྒྲིག་གི་ཡོད་པ་འདིར་འགྱུར་བ་མེད། རྒྱ་གར་གྱིས་རང་གི་བདག་དབང་དང་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་པར་ཨ་མི་རི་ཀས་ལངས་ཕྱོགས་གཅིག་གྱུར་གྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན། རྒྱ་ནག་གི་འཇིགས་སྐུལ་ལ་འགོག་རྒོལ་བྱེད་པར་ཨ་མི་རི་ཀ་དང་རྒྱ་གར་གྱི་མཐུན་གྲོགས་བསྒྲིག་རྒྱུ་ཧ་ཅང་གནད་འགག་ཆེ་ཞེས་བརྗོད། གཟའ་འཁོར་འདིའི་འཚམས་འདྲིའི་སྐབས་སུ་རྒྱ་གར་དང་ཨ་མི་རི་ཀས་དམག་དོན་གསང་བའི་གནས་ཚུལ་ཕན་ཚུན་སྤྲོད་ལེན་བྱ་རྒྱུའི་གྲོས་མཐུན་ཞིག་བཞག ཡིན་ནའང་ཉམས་ཞིབ་པ་ཕལ་ཆེ་བས་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་བྱེད་པར་དུས་ཡུན་བདུན་ཕྲག་གཅིག་ལས་མེད་པའི་སྐབས་འདིར་ཨ་རིའི་གཞུང་གིས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་ངར་སྐད་སྒྲོགས་རྒྱུ་ཤུགས་ཆེ་རུ་བཏང་བ་དང་རྒྱ་གར་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པ་ནི་ཨ་རིའི་འོས་འདེམས་ལ་འབྲེལ་བ་འདུག ཨ་རིའི་སྤྱི་དམངས་ཁོངས་སུ་རྒྱ་གར་བ་ས་ཡ་འགའ་ཞིག་ཡོད་པ་དེ་དག་གིས་སྲིད་འཛིན་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་རྒྱུའི་ཆེད་དུ་ཡིན་སྲིད་ཅེས་དོགས་སློང་བྱས་འདུག

སྲིད་བློན་མོ་དྷིའི་གཞུང་གིས་ཀྱང་རྒྱ་གར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱི་ཕྱོགས་གཏོགས་ཤིག་མིན་པར་བཏང་སྙོམས་ཀྱི་ལངས་ཕྱོགས་འཛིན་རྒྱུ། ལྷག་པར་དུ་ཨ་མི་རི་ཀའི་མི་མང་འོས་ཤོག་འཕེན་མཁན་ཚོར་བསམ་ཚུལ་འདྲི་ཞིབ་བྱས་ནས་ཇཱོ་བྷ་ཌན་ལ་རྒྱབ་སྐྱོར་པ་མང་དུ་འགྲོ་བཞིན་པའི་རྣམ་པ་ཞིག་འཐོན་གྱི་ཡོད་པས་རྒྱ་གར་གཞུང་གིས་ཨ་རིའི་སྤྱི་མཐུན་ཚོགས་པ་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཀྱང་ཁྱད་པར་མེད་པ། རྒྱ་གར་གྱིས་ཨ་མི་རི་ཀའི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་ཐེ་གཏོགས་མི་བྱེད་པར་རྒྱང་བཀྱེད་ནས་བསྡད་ཡོད་པའི་རྣམ་འགྱུར་ཞིག་བསྟན། དཔེར་ན་རྒྱ་གར་གྱི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་གཉིས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་དང་རྒྱལ་སྲུང་དྲུང་ཆེ་ཨེ་སི་པཱར་གཉིས་རྒྱ་གར་ལ་ཕྱི་འབྲེལ་དང་ཆབ་སྲིད་ཀྱི་ལས་དོན་འབའ་ཞིག་གི་ཆེད་དུ་འཚམས་འདྲིར་ཕེབས་པ་རེད། ཁོང་གཉིས་རྒྱ་གར་ལ་འཚམས་འདྲིར་ཕེབས་པ་ཨ་མི་རི་ཀའི་འོས་འདེམས་ལ་འབྲེལ་བ་ཅི་ཡང་མེད་ཅེས་བཀྲལ། འདི་ནི་རྒྱ་གར་གྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་བློན་ཆེན་ཚོས་ཨ་མི་རི་ཀའི་འོས་འདེམས་སྔོན་དེར་སྲིད་འཛིན་ཌོ་ནལ་ཊམ་གྱི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོར་ཐུག་འཕྲད་བྱ་རྒྱུ་སྟབས་བདེ་བོ་མེད་པའི་གླེང་སློང་བྱུང་བ་ཐེངས་དང་པོ་མིན་ཞིང་། ཟླ་བ་སྔོན་མར་རྒྱ་གར་གྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པས་ཕྱི་རྒྱལ་དུ་གནས་འཁོད་རྒྱ་གར་བ་ཚོར་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་དར་ཆ་བསྒྲེངས་ནས་ཨ་རིའི་སྲིད་འཛིན་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་ཁག་ལ་མཉམ་ཞུགས་བྱེད་མི་ཆོག གལ་སྲིད་ཁོ་ཚོས་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་མིང་ཐོག་ཏུ་སྲིད་འཛིན་འོས་མི་གཅིག་ལ་རྒྱབ་སྐྱོར་བྱེད་ན་རྒྱ་གར་དང་ཨ་མི་རི་ཀའི་དམག་དོན་འཐབ་ཇུས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་འདིར་འགལ་རྐྱེན་འབྱུང་གི་ཡོད་ཅེས་ལམ་སྟོན་བྱས་འདུག

འགོ་ཁྲིད་གཉིས་ད་ལོར་རྒྱ་གར་དུ་མཇལ་འཛོམས་གནང་སྐབས།
འགོ་ཁྲིད་གཉིས་ད་ལོར་རྒྱ་གར་དུ་མཇལ་འཛོམས་གནང་སྐབས།

རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོར་བློ་འཚབ་འབྱུང་ས་གཙོ་བོ་ཞིག་ཡོད་པ་ནི་ཨ་མི་རི་ཀ་བ་མང་དག་ཅིག་ལ་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་བྷི་ཇེ་པི་གཞུང་འཛིན་ཚོགས་པ་ཌོ་ནལ་ཊམ་གྱི་ཕྱོགས་གཏོགས་ཡིན་པའི་དོགས་པ་ཞིག་འབྱུང་གི་ཡོད་སྲིད་པ་དེ་ཡིན་ཞིང་། གལ་སྲིད་བདུན་ཕྲག་རྗེས་མའི་སྲིད་འཛིན་འོས་འདེམས་སུ་ཇཱོ་བྷ་ཌན་ཨ་རིའི་སྲིད་འཛིན་ལ་འདེམས་ཐོན་བྱུང་ཚེ། ཨ་རིའི་སྲིད་འཛིན་གཞོན་པ་རྒྱ་གར་བའི་རིགས་རུ་གཏོགས་པའི་ཀ་མ་ལ་ཧེ་རི་སི་ཡིན་པས་ཨ་རིའི་དམངས་གཙོ་ཚོགས་པར་ཕོག་ཐུག་མི་འགྲོ་བའི་གཟབ་ནན་གང་ཐུབ་བྱ་དགོས་པ་ཞིག་ཏུ་གྱུར་འདུག རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་མཱེ་མོན་གྱིས་ང་ཚོས་ཨ་མི་རི་ཀའི་ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་པ་དང་སྲིད་དོན་ཚོགས་པ་གཉིས་ཀར་འབྲེལ་བ་འདྲ་མཉམ་ཞིག་འཛིན་དགོས་པའི་ལངས་ཕྱོགས་བཟུང་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གར་གྱི་བཏང་སྙོམས་སམ། ཡང་ན་ཕྱོགས་སུ་མ་ལྷུང་བའི་ལངས་ཕྱོགས་དེ་རྒྱུན་འཁྱོངས་བྱ་རྒྱུ་ཅུང་ཙམ་ཁག་པོ་ཆགས་སོང་ཞེས་བཤད། ༢༠༡༩་ལོར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་བློན་མོ་དྷིར་སྣེ་ལེན་གཟབ་རྒྱས་ཞུས་ནས་མོ་དྷི་བྱོན་པ་ལེགས་ཞེས་ཊེཀ་སེ་སི་མངའ་སྡེའི་རྩེད་ར་ཞིག་ཏུ་མི་ཁྲི་ཚོ་མང་པོར་མཚམས་སྦྱོར་ཞུས། ༢༠༢༠་ལོའི་ཕྱི་ཟླ་༣་པར་སྲིད་འཛིན་ཌོ་ནལ་ཊམ་རྒྱ་གར་ལ་འཚམས་འདྲིར་ཕེབས་ནས་སྲིད་བློན་མོ་དྷིས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་མི་མང་འབུམ་ཕྲག་མང་པོར་དགའ་བསུ་ཞུ་རུ་བཅུག་ནས་བཟུང་། ཨ་མི་རི་ཀའི་སྤྱི་ཚོགས་སུ་རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བ་ནི་བྷི་ཇེ་པི་དང་ཨ་རིའི་སྤྱི་མཐུན་ཚོགས་པ། སྲིད་བློན་མོ་དྷི་དང་སྲིད་འཛིན་ཌོ་ནལ་ཊམ་གྱི་འབྲེལ་བ་ཡིན་པ་ལས། འཛམ་གླིང་གི་དམངས་གཙོ་རྒྱལ་ཁབ་རྙིང་ཤོས་ཨ་མི་རི་ཀ་དང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཞིག་མིན་པའི་བག་ཆགས་ཤིག་བཞག་ཡོད་པ་རེད།།

ཕྱི་ལོ་༢༠༠༠་ནས་བཟུང་སྟེ་ཨ་མི་རི་ཀར་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ། རྒྱ་གར་ལ་ཀོང་རེ་སི་དང་བྷི་ཇེ་པི་སྲིད་དོན་ཚོགས་པ་གཉིས་ཀྱི་གང་གིས་སྲིད་གཞུང་བཙུགས་ཀྱང་ཝ་ཤིང་ཊོན་དང་ལྡི་ལི་གསར་པའི་འབྲེལ་བ་ཡར་རྒྱས་འགྲོ་རྒྱུ་མཚམས་མ་ཆད། དེར་བརྟེན་རྒྱ་གར་གཞུང་ལ་༢༠༢༡་གི་ཕྱི་ཟླ་དང་པོའི་ཚེས་༢༠་ནས་ཇཱོ་བྷ་ཌན་དང་ཌོ་ནལ་ཊམ་གཉིས་ཀྱི་སུས་ཕོ་བྲང་དཀར་པོར་སྲིད་དབང་བཟུང་ཡང་རྒྱ་གར་དང་ཨ་མི་རི་ཀའི་འབྲེལ་བར་དོ་ཕོག་མེད་པར་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་འཆང་འདུག རྒྱ་གར་གྱིས་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་བཏང་བའི་རྗེས་སུ་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཚོང་ལས་ཡར་རྒྱས། ལྡི་ལི་གསར་པས་གོ་ལའི་ཁྱོན་དུ་ཤུགས་རྐྱེན་ཐེབས་རྒྱུའང་ཤུགས་ཆེ་རུ་སོང་། ཨ་རིའི་ཁར་ཎི་གྷི་ཉམས་ཞིབ་ཁང་གིས་ལྷོ་ཨེ་ཤི་ཡའི་འགན་འཛིན་མཱི་ལན་ཝྭེ་ཤི་ནབ་ཀྱིས་བཤད་པ་ལྟར་ན། ལྡི་ལི་གསར་པའི་འགོ་ཁྲིད་ཚོ་འདས་པའི་ལོ་བཞིའི་རིང་ལ་ཨ་མི་རི་ཀའི་ཕྱི་སྲིད་བརྟན་པོ་མེད་པར་བློ་བདེ་བོ་ཞིག་འབྱུང་གི་འདུག ཕྱོགས་གཅིག་ནས་རྒྱ་གར་དང་ཨ་མི་རི་ཀ་རླབས་ཆེན་གྱི་ཟླ་གྲོགས་ཡིན། ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོའི་འབྲེལ་བ་སྲ་བརྟན་ཡིན་ཞེས་སྒྲོགས་ཀྱི་ཡོད་ཀྱང་སྲིད་འཛིན་འོས་འདེམས་ཀྱི་བགྲོ་གླེང་ཐེངས་དང་པོར་བལྟས་ན་དགོས་མཁོ་བྱུང་དུས་རྒྱ་གར་བློས་གཏོང་རྒྱུའི་རྟགས་མཚན་ཞིག་ཐོན་སོང་ཞེས་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་ཨ་མི་རི་ཀས་རྒྱ་གར་ལ་མཚོན་ཆ་ཕྱིར་ཚོང་དང་དམག་དོན་གྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་ཏེ་ཨ་རི་དང་རྒྱ་གར་གྱི་རྒྱལ་སྲུང་དང་བདེ་འཇགས་འབྲེལ་བ་ཡར་རྒྱས་བཏང་ཡོད་པ་རེད།།

ཨ་མི་རི་ཀའི་མི་མང་འོས་ཤོག་འཕེན་མཁན་གྱི་མི་འབོར་ཁོངས་སུ་རྒྱ་གར་བ་བརྒྱ་ཆ་༡་ལྷག་ལས་མེད། སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ལ་རྒྱ་གར་བ་ཨ་མི་རི་ཀའི་སྤྱི་དམངས་ཀྱི་འོས་ཤོག་འཐོབ་རྒྱུའི་འབད་བརྩོན་ཆེན་པོ་བྱེད་ཀྱི་འདུག་མོད། འོན་ཀྱང་ཉེ་ཆར་ཁར་ཎི་གྷི་ཞིབ་འཇུག་ཁང་གི་རྒྱལ་སྤྱིའི་ཞི་བདེ་ཐེབས་རྩ་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཨ་རིའི་སྤྱི་དམངས་རྒྱ་གར་བ་བརྒྱ་ཆ་༧༥་ལྷག་གིས་ཇཱོ་བྷ་ཌན་ལ་འོས་ཤོག་འཕེན་རྒྱུ་དང་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་རྒྱ་གར་བ་བརྒྱ་ཆ་༢༢་ལས་མེད་པ་གསལ་སྟོན་བྱུང་། དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཀ་མ་ལ་ཧེ་རི་སི་ནི་རྒྱ་གར་བའི་རིགས་སུ་གཏོགས་པ་སྟེ། ཁོ་མོའི་ཨ་མ་༡༩༥༨་ལོར་རྒྱ་གར་ནས་ཨ་མི་རི་ཀར་སློབ་སྦྱོང་ལ་ཡོང་ནས་ཨ་རིར་གཞིས་ཆགས་པ་ཞིག་ཡིན། ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པར་འདེམས་ཐོན་བྱུང་རུང་སྲིད་འཛིན་བྷ་ཌན་གྱི་གཞུང་ལ་སྔར་ལས་ལྷག་པའི་རྒྱ་གར་ལ་འབྲེལ་བ་དམ་ཟབ་འཛུགས་རྒྱུའི་ཤུགས་རྐྱེན་ཐེབས་དཀའ། རྒྱ་གར་གྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པས་ཇམ་མུ་དང་ཀ་ཤི་མིར་གྱི་རང་སྐྱོང་ཐོབ་ཐང་ཕྱིར་བསྡུ་བྱས་ནས་དབུས་གཞུང་གི་ཐད་སྐྱོང་ས་ཁུལ་ཞིག་ཏུ་བསྒྱུར་པར་ཀ་མ་ལ་ཧ་རི་སིས་སྐྱོན་བརྗོད་དྲག་པོ་བྱས་ཤིང་། ཨ་རི་དང་རྒྱ་གར་གྱི་འབྲེལ་བར་ཉམས་ཞིབ་བྱེད་མཁན་སིལ་ཝྭི་ཡ་མཱི་ཤ་ར་ཞེས་པ་ཞིག་གིས་བཤད་པ་ལྟར་ན། ལྡི་ལི་གསར་པའི་དབང་འཛིན་པ་རྣམས་ཨ་མི་རི་ཀར་སྲིད་འཛིན་བརྟན་པོ་ཞིག་འདེམས་ཐོན་བྱུང་ན་དགའ་མོས་བྱེད་ཀྱི་འདུག འདས་པའི་ལོ་བཞིའི་རིང་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་རྒྱལ་སྤྱིའི་འབྲེལ་ལམ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཁག་ལ་ངེས་གཏན་མེད་པའི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་ནས་རྒྱལ་ཁབ་མང་དག་ཅིག་ཌོ་ནལ་ཊམ་ལ་ཡིད་ཆེས་བྱེད་མི་ཐུབ་པ་ཞིག་ཏུ་གྱུར་ཡོད་པས་རྒྱ་གར་གྱི་འགོ་ཁྲིད་ཚོ་ལའང་བློ་འཚབ་གཅིག་མཚུངས་ཤིག་བྱུང་སྟེ་མགོ་ན་དགོས་པ་ཞིག་ཏུ་གྱུར་འདུག་བཤད་ཡོད་པ་རེད།།

XS
SM
MD
LG