ངོ་འཕྲད་བདེ་བའི་དྲ་འབྲེལ།

བྷ་ཌན་གྱི་བློན་ཆེན་ཚོར་གྲོས་ཚོགས་ཀྱིས་མོས་མཐུན་བྱ་འཆར།


༄༅།། ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་གསུམ་གྱིས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་འོས་མི་ཚོར་མོས་མཐུན་གྱི་འོས་ཤོག་འཕེན་རྒྱུའི་རྣམ་འགྱུར་བསྟན། དཔེར་ན་ཡུ་ཊ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མཱི་ཊི་རོམ་ཎི་དང་མཱེན་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་སུ་སན་ཀོ་ལན། ཨ་ལ་སི་ཀ་མངའ་སྡེའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཀོ་སི་ཀི་བཅས་ཀྱིས་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་ལྷན་ཁང་ཁག་གི་དྲུང་ཆེ་ཚོར་མོས་མཐུན་གྱི་འོས་ཤོག་འཕེན་རྒྱུའི་བརྡ་ཞིག་བཏང་ཡོད་པ་སྟེ། མཱི་ཊི་རོམ་ཎིས་སྲིད་འཛིན་ཚོར་ངེས་པར་དུ་རང་ལ་འདོད་པ་ཡོད་པའི་ལྷན་ཁང་ཁག་གི་དྲུང་ཆེ་རྣམས་འདེམས་སྒྲུག་བྱེད་དུ་འཇུག་དགོས། དྲུང་ཆེའི་འོས་མི་དེའི་ལྟ་བ་དང་ལངས་ཕྱོགས་སྤྱི་སྙོམས་ཤིག་མ་རེད་ཅེས་བཀག་འགོག་བྱེད་ན་འོས་འཚམས་མ་རེད་ཅེས་བཤད། སུ་སན་ཀོ་ལན་གྱིས་སྲིད་འཛིན་ཚོར་རང་གི་བློན་ཆེན་ལྷན་ཁང་གི་དྲུང་ཆེ་རྣམས་འདེམས་སྒྲུག་བྱེད་ཆོག་པའི་བསམ་སྤྱོད་ཀྱི་རང་དབང་སྤྲོད་དགོས་ཟེར། མར་ཀོ་སི་ཀིས་ང་ཚོའི་འདེམས་ཐོན་སྲིད་འཛིན་ནི་ཇཱོ་བྷ་ཌན་རེད། སྲིད་འཛིན་ཚོར་རང་གི་བློན་ཆེན་ལྷན་ཁང་གི་དྲུང་ཆེ་རྣམས་འདེམས་སྒྲུག་བྱེད་ཆོག་པའི་ཐོབ་ཐང་ཡོད། ང་ཚོའི་ལས་ཀ་དང་ལས་འགན་ནི་སྲིད་འཛིན་ལ་སྤྱི་སྙོམས་ཀྱི་ལྟ་བ་འཛིན་པ་དང་འཇོན་ཐང་ཅན། ཡིད་རྟོན་རུང་བའི་འོས་མི་རྣམས་འདེམས་སྒྲུག་བྱེད་དུ་འཇུག་རྒྱུ་དེ་རེད། གལ་སྲིད་ཇཱོ་བྷ་ཌན་གྱིས་དྲུང་ཆེ་རྣམ་པའི་འོས་མི་རྣམས་སྤྱི་སྙོམས་ཅན་དང་འཇོན་ཐང་ཅན་འདེམས་སྒྲུག་བྱེད་ན་ངས་བྷ་ཌན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད་འདུག

ད་ལྟ་ཨ་རིའི་དམངས་གཙོ་ཚོགས་པར་གྲོས་ཚོགས་གོང་མའི་ནང་དུ་འཐུས་མི་༤༨་དང་སྤྱི་མཐུན་ཚོགས་པར་འཐུས་མི་༥༢་ཡོད་ཅིང་། ཉེ་ཆར་སྤྱི་ཟླ་༡༡་པའི་ཚེས་༣་ཉིན་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་འོས་འདེམས་དུས་སུ་འོས་མི་གཅིག་ལའང་འོས་ཤོག་བརྒྱ་ཆ་༥༠་ལོངས་མེད་པས་ཕྱི་ཟླ་དང་པོའི་ནང་དུ་བསྐྱར་དུ་འོས་འདེམས་བྱ་དགོས། གལ་ཏེ་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱི་གདན་གྲངས་དེ་དག་དམངས་གཙོ་ཚོགས་པར་མ་ཐོབ་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་མཱི་རོམ་ཎི་དང་སུ་སན་ཀོ་ལན། མར་ཀོ་སི་ཀི་གསུམ་གྱིས་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོར་བརྒྱབ་སྐྱོར་བྱེད་ཚེ། ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་འོས་མི་ཕལ་མོ་ཆེར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་འགོག་རྐྱེན་མེད་པར་མོས་མཐུན་གྱི་ཆོག་མཆན་འཐོབ་རྒྱུའི་རྟགས་མཚན་ཐོན། འདི་ནི་མ་འོངས་པར་ཇཱོ་བྷ་ཌན་གྱིས་འགོ་ཁྲིད་པའི་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོར་བཟང་ལྟོས་ཤིག་ཡིན་རུང་སྤྱི་མཐུན་ཚོགས་པའི་འཐུས་མི་བྱིངས་ཀྱིས་མཱི་ཊི་རོམ་ཎི་དང་སུ་སན་ཀོ་ལན། མར་ཀོ་སུ་ཀི་གསུམ་གྱི་ལངས་ཕྱོགས་ལ་དགའ་མོས་བྱེད་མི་སྲིད། མཱི་ཊི་རོམ་ཎི་དང་སུ་སན་ཀོ་ལན། མར་ཀོ་སི་ཀི་གསུམ་གྱིས་ཐེངས་འགའ་ཞིག་ལ་རང་གི་སྲིད་དོན་ཚོགས་པའི་ལངས་ཕྱོགས་བརྒལ་ནས་འཕྲོད་བསྟེན་ལྟ་སྐྱོང་དང་སྲིད་འཛིན་ཊམ་གྱིས་དབང་ཆ་བཀོལ་སྤྱོད་ལོག་པ་བྱེད་ཡོད་མེད་ཐོག་ཏུ་དམངས་གཙོ་ཚོགས་པའི་འཐུས་མི་ཚོའི་ཕྱོགས་སུ་ལངས་ནས་འོས་ཤོག་འཕངས།།

༢༠༢༡་གི་སྤྱི་ཟླ་དང་པོའི་འོས་འདེམས་དུས་སུ་འཇོར་ཇཱི་ཡ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་ཟུང་གི་ས་མིག་གཉིས་ཀ་དམངས་གཙོ་ཚོགས་པར་འཐོབ་ན་ཨ་རིའི་གྲོས་ཚོགས་གོང་མར་སྲིད་དོན་ཚོགས་པ་གཉིས་ཀར་འཐུས་མི་༥༠་རེ་ཆ་མཉམ་དུ་འགྱུར་རྒྱུ། དེ་ནས་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རཱི་སིའི་འོས་ཤོག་འཕངས་ནས་དམངས་གཙོ་ཚོགས་པར་འོས་ཤོག་༥༡་ཡོད་པས་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་དྲུང་ཆེ་རྣམ་པའི་འོས་མི་དེ་ཚོར་མོས་མཐུན་གྱི་ཆོག་མཆན་འཐོབ་རྒྱུ་སྟབས་བདེ། ཇཱོ་བྷ་ཌན་གྱིས་ཨ་རིའི་དྲིན་གཟོའི་དུས་ཆེན་གཡས་གཡོན་དུ་ནོར་སྲིད་ལྷན་ཁང་གི་དྲུང་ཆེའི་འོས་མི་འདེམས་སྒྲུག་བྱ་རྒྱུ་ཡིན། འོས་མི་དེ་དམངས་གཙོ་ཚོགས་པའི་ཕྱོགས་ཁག་ཚང་མས་མོས་མཐུན་བྱེད་ཐུབ་པ་ཞིག་ཡིན། འོན་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་མོས་མཐུན་བྱ་རྒྱུ་ཡིན་མིན་ནི་སོ་སོའི་རང་དབང་རེད་ཅེས་བཤད། བྷ་ཌན་གྱི་མགྲིན་ཚབ་པ་ཨན་ཌི་རིའུ་བྷ་ཊེ་སི་ཡིས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ལྷག་བསམ་རྣམ་དག་གིས་གྲོས་ཚོགས་གོང་འོག་གི་སྲིད་དོན་ཚོགས་པ་གཉིས་ཀར་བསྟུན་ནས་འཇོན་ཐང་ལྡན་པའི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་འོས་མི་རྣམས་འདེམས་སྒྲུག་བྱེད་ཀྱི་འདུག་ཅེས་བསྒྲགས། ཡིན་ནའང་དམངས་གཙོ་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཨ་ལི་ཛ་བྷེ་ཐེ་ཝོ་རེན་དང་བྷར་ཎི་སན་ཌར་ལྟ་བུའི་གཡོན་ཐལ་ཅན་རྣམས་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེའི་འོས་མིར་འདེམས་སྒྲུག་བྱེད་ན་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་བཀག་འགོག་བྱས་ནས་མོས་མཐུན་གྱི་འོས་ཤོག་འཐོབ་དཀའ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཇཱོ་བྷ་ཌན་གྱིས་གཡོལ་ཐལ་ཆེ་བའི་མི་རྣམས་དྲུང་ཆེ་ཁག་གི་འོས་མིར་འདེམས་སྒྲུག་བྱེད་ན་གྲོས་ཚོགས་གོང་མའི་ནང་དུ་མོས་མཐུན་གྱི་ཆོག་མཆན་མ་ཐོབ་པར་འགག་སྲིད་ཅེས་ཉེན་བརྡ་བཏང་མོད། འོན་ཀྱང་མཐར་ཐུག་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འགོ་ཁྲིད་མཱི་ཆི་མ་ཁ་ནོས་ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་དྲུང་ཆེ་ཁག་གི་འོས་མི་དེ་ཚོར་མོས་མཐུན་ཡོད་མེད་འོས་ཤོག་འཕེན་དུ་འཇུག་རྒྱུ་ཡིན་མིན་ལ་ཐུག་འདུག

སྔོན་ཆད་ཇཱོ་བྷ་ཌན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡིན་པའི་དུས་སྐབས་དང་དེ་ནས་ལོ་བརྒྱད་ལ་སྲིད་འཛིན་གཞོན་པའི་ལས་ཁུར་བཞེས་པའི་རིང་དུ་བྷ་ཌན་དང་མ་ཁ་ནོ་གཉིས་ཀྱིས་མཉམ་འབྲེལ་དང་ལས་དོན་མཉམ་སྒྲུབ་བྱས་ནས་འབྲེལ་བ་བཟང་པོ་ཡོད་ཀྱང་ཇཱོ་བྷ་ཌན་ཨ་མི་རི་ཀའི་སྲིད་འཛིན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་ཕན་ཚུན་བཀའ་མོལ་གནང་མེད་པར་མ་ཟད། མཱི་ཆི་མ་ཁ་ནོས་རང་གི་ཡུན་རིང་གི་ལས་གྲོགས་ཇཱོ་བྷ་ཌན་ལ་འདེམས་ཐོན་སྲིད་འཛིན་ཞེས་འབོད་ཕོད་ཀྱི་མེད་ཅིང་། ཁོང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁྲིམས་རྩོད་བྱེད་ཀྱི་ཡོད་པར་རྒྱུ་མཚན་འདུག ཁྲིམས་མཐུན་གྱི་འོས་ཤོག་ཚང་མ་གྲངས་བཤེར་བྱ་དགོས་ཞེས་སྐད་ཆ་སྙོམས་པོ་ཞིག་བཤད། ཡིན་ནའང་༢༠༢༢་ལོའི་ཨ་རིའི་བར་དུས་ཀྱི་འོས་འདེམས་སྐབས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་༢༥་ཡས་མས་ཤིག་བསྐྱར་དུ་འོས་འདེམས་ལ་ལང་དགོས། ཇཱོ་བྷ་ཌན་གྱིས་འདེམས་སྒྲུག་བྱས་པའི་བློན་ཆེན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པའི་འོས་མི་ཚོར་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་མཐའ་གཅིག་ཏུ་བཀག་འགོག་བྱེད་ན་སྤྱི་མཐུན་ཚོགས་པར་༢༠༢༢་ལོའི་བར་དུས་ཀྱི་འོས་འདེམས་དུས་སུ་ཕམ་ཉེས་འབྱུང་སྲིད་པ་དེ་ལའང་གཞུག་འདང་ཞིག་རྒྱག་དགོས། ཨོ་ཧ་ཡོ་མངའ་སྡེའི་གྲོས་ཚོགས་གོང་མའི་འཐུས་མི་རཱོབ་ཕཱོར་ཊི་མན་༢༠༢༢་ལོར་བསྐྱར་དུ་འོས་འདེམས་ལ་ལང་དགོས་པས་ང་ཚོར་དྲུང་ཆེ་རྣམ་པའི་འོས་མི་ཡག་པོ་དང་འཇོན་ཐང་ཅན་དགོས་ཀྱི་འདུག ཡིན་ནའང་ང་ཚོས་དེ་ལ་དྲང་སྙོམས་ཀྱི་ལྟ་སྟངས་ཤིག་འཛིན་རྒྱུ་ཡིན་ཞེས་འོས་འདེམས་ལ་གཞུག་འདང་བརྒྱབ་ནས་སྐད་ཆ་སྙོམས་པོ་ཞིག་བཤད་འདུག

འདི་ཙམ་ན་ཨ་རིའི་འཇོར་ཇཱི་ཡ་མངའ་སྡེའི་འོས་ཤོག་རྣམས་བསྐྱར་དུ་རེ་རེ་བཞིན་ལག་པས་གྲངས་བཤེར་བྱས་ནས་ཇཱོ་བྷ་ཌན་ལ་སླར་ཡང་འོས་ཤོག་གྲངས་མང་གི་རྒྱལ་ཁ་ཐོབ། འོས་ཤོག་ས་ཡ་༥་ཡས་མས་ཤིག་ཐེངས་གཉིས་པར་གྲངས་བཤེར་བྱས་ནས་ཇཱོ་བྷ་ཌན་ལ་འོས་ཤོག་༡༢༠༠༠་མང་བ་ཐོབ་འདུག སྲིད་འཛིན་འོས་མི་གཉིས་ཀར་འོས་ཤོག་མང་ཉུང་གི་ཁྱད་པར་༢༠༠༠༠་ཡས་མས་ལས་མེད་ན་མངའ་སྡེའི་ཁྲིམས་ལུགས་ལྟར་འོས་ཤོག་རྣམས་བསྐྱར་དུ་ལག་པས་གྲངས་བཤེར་བྱ་དགོས། ད་ཐེངས་ཀྱི་གྲངས་བཤེར་འདི་འཇོར་ཇཱི་ཡ་མངའ་སྡེའི་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་བྱུང་ཡོད་མེད་ལ་དོགས་པ་ཡོད་པའམ། ཡང་ན་ཕྱོགས་གཅིག་གིས་འཇོར་ཇཱི་ཡ་མངའ་སྡེའི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱ་དགོས་པའི་དགོས་འདུན་ནས་བྱུང་བ་ཞིག་མིན། སང་ཉིན་གཟའ་སྤེན་པའི་ཕྱི་དྲོའི་ཆུ་ཚོད་༥་པ་མི་འགྱངས་པར་མངའ་སྡེའི་སྤྱི་ཁྱབ་ཀྱིས་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱ་དགོས། མངའ་སྡེའི་གཞུང་གིས་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱས་པའི་རྗེས་སུ་ཤོར་མཁན་གྱི་ཤོག་ཁག་དེར་འདོད་པ་མེད་ན་ཉི་མ་གཉིས་ཀྱི་ནང་ཚུད་དུ་འོས་ཤོག་གྲངས་བཤེར་བསྐྱར་དུ་བྱ་དགོས་པའི་དགོས་འདུན་འདོན་ཆོག་ཅེས་བསྒྲགས། ཉི་མ་གཉིས་ཀྱི་གཞུག་ཏུ་དགོས་འདུན་མ་བཏོན་ན་དེའི་གཞུག་ཏུ་དགོས་འདུན་བཏོན་པ་རྩིས་མེད་དུ་འགྱུར་རྒྱུ། འོས་ཤོག་གྲངས་བཤེར་གྱི་འགྲོ་གྲོན་རྣམས་དགོས་འདུན་འདོན་མཁན་གྱི་ཤོག་ཁག་དེས་གཏོང་དགོས་པ་དང་། ཨ་རིའི་མངའ་སྡེ་གཅིག་གི་འོས་ཤོག་རྣམས་བསྐྱར་དུ་གྲངས་བཤེར་བྱ་དགོས་ན་ཉུང་མཐར་ཡང་ཨ་སྒོར་ས་ཡ་༥་ནས་༨་ཡས་མས་རེའི་འགྲོ་གྲོན་གཏོང་དགོས་ཤིང་། མཱི་ཆི་གྷན་མངའ་སྡེའི་འོས་འདེམས་ཀྱི་ལས་སྣེ་བཞིའི་ནང་གི་སྤྱི་མཐུན་ཚོགས་པའི་ལས་སྣེ་ཞིག་གིས་མངའ་སྡེ་དེའི་འོས་འདེམས་ཀྱི་གྲུབ་འབྲས་ངེས་གཏན་བྱ་རྒྱུ་ནར་འགྱངས་གཏོང་དགོས། འོས་འདེམས་དྲང་སྙོམས་བྱུང་མེད་པའི་རྩོད་པ་ཡོང་གི་ཡོད་པར་ཞིབ་འཇུག་བྱེད་ན་ལེགས་ཞེས་བསམ་འཆར་བཤད། སྲིད་འཛིན་ཌོ་ནལ་ཊམ་གྱིས་མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་འོས་འདེམས་ལས་སྣེ་གཉིས་ལ་ཁ་པར་བཏང་བ་དང་། དེ་རིང་གཟའ་པ་སངས་ཉིན་མཱི་ཆི་གྷན་མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་རྣམས་ཕོ་བྲང་དཀར་པོར་འབོད་འགུགས་བྱས་ནས་འོས་འདེམས་གྱི་གྲུབ་འབྲས་ངེས་གཏན་བྱ་རྒྱུ་ནར་འགྱངས་གཏོང་རྒྱུ། མངའ་སྡེའི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་འོས་ཤོག་ས་ཡ་འགའ་ཞིག་རྩིས་མེད་གཏོང་ཐབས་བྱ་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG