ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གཞུང་གི་ལས་སྣེ་ཚོས་ལྐོག་ཏུ་བྷ་ཌན་ལ་མཉམ་འབྲེལ།


ཨ་རིའི་འདེམས་ཐོན་སྲིད་འཛིན་བྷ་ཌན་གྱིས་ཟླ་༡༡ ཚེས་༡༧ ཉིན་རྒྱལ་ཁབ་བདེ་འཇགས་ལས་དོན་ཐད་འབྲེལ་མཐུད་གནང་བཞིན་པ།

༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་བསྐོ་བཞག་བྱས་པའི་ཨ་མི་རི་ཀའི་གཞུང་འབྲེལ་མི་སྣ་ཁག་ཅིག་དང་ཉེ་དུས་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་ཁོངས་ནས་དགོངས་པ་ཞུས་པའི་ལས་སྣེ་ཟུར་པ་ཁག་ཅིག་གིས་ལྐོག་ཏུ་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལགས་ཀྱི་ལས་ཁུངས་ལ་འབྲེལ་བ་བྱས་ནས་རྒྱབ་སྐྱོར་བྱེད་འགོ་ཚུགས་འདུག ཁོ་ཚོས་ཇཱོ་བྷ་ཌན་གྱི་ལས་ཁུངས་ལ་འབྲེལ་བ་བྱེད་དགོས་དོན་ནི་སྲིད་འཛིན་ཊམ་གྱིས་འོས་འདེམས་གྲུབ་འབྲས་ལ་ངོས་ལེན་བྱེད་ཀྱི་མེད་པ་དང་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་འཕོ་འགྱུར་ལས་དོན་ལ་མཉམ་རོགས་བྱེད་ཀྱི་མེད་པ་འོས་འཚམས་མིན་པ། ཨ་རིའི་ལམ་སྲོལ་ལྟར་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ལ་གསང་བའི་ལས་ཁུངས་ཁག་གི་ནང་ཁུལ་གྱི་ཡིག་ཆ་རྣམས་མཁོ་སྤྲོད་བྱ་དགོས་པ་སྤྲོད་ཀྱི་མེད་པ། ལྷག་པར་དུ་ཏོག་དབྱིབས་ནད་དུག་གི་འགོག་ཁབ་བགྲོ་འགྲེམ་བྱེད་ཕྱོགས་ལ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་བྷ་ཌན་གྱི་འཕོ་འགྱུར་རུ་ཁག་ལ་མཉམ་འབྲེལ་བྱེད་ཀྱི་མེད་པ་འགྲིག་གི་མེད་པའི་རྣམ་འགྱུར་སྟོན་རྒྱུ། ཌོ་ནལ་ཊམ་གྱིས་རྒྱལ་ཁབ་དང་མི་དམངས་ཀྱི་བདེ་ཐབས་ཨང་དང་པོར་བརྩི་རྒྱུ། ཁོང་གིས་རྒྱལ་ཁབ་ཀྱི་ལས་དོན་དང་མི་དམངས་ལ་སྲི་ཞུ་བསྒྲུབ་རྒྱུ་གཙིགས་སུ་བཟུང་སྟེ་སྲིད་དོན་ཚོགས་པ་དང་སྒེར་གྱི་ཁེ་ཕན་ཟུར་དུ་འཇོག་དགོས་པའི་བརྡ་ཞིག་གཏོང་གི་ཡོད་ཅིང་། དེང་སྐབས་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་དག་ཅིག་གིས་སྲིད་འཛིན་ཊམ་གྱིས་དམངས་གཙོའི་རྒྱལ་ཁབ་འདིའི་ཁྲིམས་དང་ལམ་སྲོལ་ཁག་ལ་བརྩི་མེད་རྡོག་རོལ་གཏོང་གི་འདུག ཨ་རིའི་སྤྱི་མཐུན་ཚོགས་པ་ནི་ཌོ་ནལ་ཊམ་གྱི་སྒེར་པའི་སྲིད་དོན་ཚོགས་པ་ཞིག་ལ་འགྱུར་གྱི་འདུག་ཅེས་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག

སྲིད་འཛིན་ཊམ་གྱིས་སྔར་བཞིན་ཁྲིམས་གཏུག་བྱས་ནས་སྲིད་འཛིན་འོས་འདེམས་དྲང་སྙོམས་བྱུང་མ་སོང་། ད་ལོའི་འོས་འདེམས་ལ་དམངས་གཙོ་ཚོགས་པས་གཡོ་ཁྲམ་བྱས་སོང་ཞེས་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་སྟེ། ཌོ་ནལ་ཊམ་གྱི་ཁྲིམས་རྩོད་པ་ཚོས་དམངས་གཙོ་ཚོགས་པས་གཡོ་ཁྲམ་བྱས་ནས་འོས་ཤོག་བརྗེ་སྒྱུར་བྱས་སོང་། ཌོ་ནལ་ཊམ་ལ་འཕངས་ཡོད་པའི་འོས་ཤོག་མང་དག་ཅིག་བསུབས་འདུག ཌོ་ནལ་ཊམ་ལ་འཕངས་ཡོད་པའི་འོས་ཤོག་མང་པོ་ཞིག་བོར་བརླག་སོང་འདུག ཨ་རིའི་དབུས་གསང་བའི་ལས་ཁང་གི་གློག་ཀླད་ཆེན་པོ་ཞིག་གིས་ཌོ་ནལ་ཊམ་ལ་འཕངས་ཡོད་པའི་འོས་ཤོག་རྣམས་ཇཱོ་བྷ་ཌན་ལ་ཐོབ་འདུག་ཅེས་མིང་ཡིག་བསྒྱུར་འདུག མི་ཤི་ཚར་བ་ཚོའི་མིང་ཐོག་ཏུ་འོས་ཤོག་འཕངས་འདུག་ཅེས་རྩོད་པ་རྒྱག་གི་ཡོད་པ་རེད། འོན་ཀྱང་སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་ཚོས་འོས་ཤོག་བརྗེ་སྒྱུར་དང་ནག་སུབ། འོས་ཤོག་བོར་བརླག་ཇི་ལྟར་སོང་བ་དང་ས་གནས་གང་དུ་སོང་མིན། ཨ་རིའི་དབུས་གསང་བའི་ལས་ཁང་གི་ཀློག་ཀླད་ཆེན་པོ་ཞིག་གིས་ཌོ་ནལ་ཊམ་གྱི་འོས་ཤོག་རྣམས་ཇཱོ་བྷ་ཌན་གྱི་མིང་ཐོག་ཏུ་ཇི་ལྟར་བསྒྱུར་ཡོད་མེད། དེའི་ཚེས་གྲངས་དང་དུས་ཚོད་སོགས་ཀྱི་ཁུངས་སྐྱེལ་ར་སྤྲོད་དང་དཔང་རྟགས་སྣ་གཅིག་སྟོན་རྒྱུ་མེད་པ། མི་ཤི་བོ་རྣམས་ཀྱིས་འོས་ཤོག་འཕངས་པ་རེད་ཅེས་ཁྲིམས་གཏུག་བྱེད་ཀྱི་ཡོད་པ་དེ་དག་ལ་འབྲེལ་ཡོད་མངའ་སྡེ་ཁག་དང་དབྱིན་ཇིའི་བྷི་བྷི་སི། ཨ་རིའི་སི་ཨེན་ཨེན་སོགས་གསར་འགྱུར་ལས་ཁང་ཁག་གིས་རྩད་གཅོད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཌོ་ནལ་ཊམ་གྱིས་མི་ཤི་བོས་འོས་ཤོག་འཕངས་པ་རེད་ཟེར་པའི་མི་ཁག་ཅིག་འཚོ་གནས་ཡིན་པས་དོ་བདག་སོ་སོས་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་ཤོག་འཕངས་ཡོད་མེད་གསར་འགོད་པར་གསལ་བཀྲོལ་བྱས་ཡོད་པར་མ་ཟད། པེན་སིལ་ཝྭེ་ཎི་ཡ་མངའ་སྡེ་གཞུང་གིས་ཞིབ་འཇུག་བྱས་ནས་འོས་འཕེན་པ་ཤི་བོ་ཚོས་འོས་ཤོག་འཕངས་པ་རེད་ཟེར་པའི་གཤིན་པོ་དེ་དག་གི་མིང་ཐོག་ཏུ་གཏན་ནས་འོས་འཕངས་མེད་པ་རྩད་ཆོད་འདུག དེར་བརྟེན་སྲིད་འཛིན་ཊམ་གྱི་ཁྲིམས་རྩོད་པ་ཚོར་ཁྲིམས་ཁང་དུ་དཔང་རྟགས་སྟོན་རྒྱུ་མེད་པར་ཁ་མཆུ་རྣམས་གཅིག་གི་རྗེས་སུ་གཅིག་བཅས་ཕམ་ཁ་འབའ་ཞིག་འབྱུང་གི་ཡོད་པ་རེད།།

ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་ཁེ་རེབ་སི།
ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་ཁེ་རེབ་སི།

གཟའ་འཁོར་འདིར་ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་ཁེ་རེབ་སི་ཡིས་༢༠༢༠་ལོའི་ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ཐེ་གཏོགས་གང་ཡང་བྱུང་མ་སོང་། ཨ་མི་རི་ཀའི་ལོ་རྒྱུས་སུ་སྲིད་འཛིན་འོས་འདེམས་བརྟན་པོ་འདི་འདྲ་ཞིག་བྱུང་མྱོང་མེད་ཅེས་སྙན་ཐོ་བཏོན། སྲིད་འཛིན་ཊམ་གྱིས་འཕྲལ་དུ་ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་གནས་དབྱུང་བཏང་སྟེ་འཁོན་ལན་སློག ཁེ་རེབ་སི་ནི་སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་ལས་སྣེ་ཚོའི་གྲས་སུ་ཀུན་གྱིས་གོང་བཀུར་བྱེད་ཀྱི་ཡོད་པ་དང་ཡིད་ཆེས་འཕེར་བའི་སྲི་ཞུ་བ་ཞིག་ཡིན་ཞིང་། སྲིད་འཛིན་ཊམ་གྱིས་འོས་འདེམས་ཀྱི་གྲུབ་འབྲས་ལ་གཡོ་ཁྲམ་བྱས་སོང་ཞེས་དཔང་རྟགས་དང་ཁུངས་སྐྱེལ་ར་སྤྲོད་མེད་པའི་རྩོད་པ་ཞིག་རྒྱག་གི་ཡོད་པར་ཁེ་རེབ་སི་ཡིས་མངོན་སུམ་འཛེམ་མེད་ཀྱིས་དགག་པ་བརྒྱབ། ཁོ་པ་གནས་དབྱུང་མ་བཏང་སྔོན་དེར་ཊོས་ཊར་དྲྭ་ལམ་དུ་ང་ལ་སྲི་ཞུ་བསྒྲུབ་རྒྱུ་བྱུང་བ་ནི་གཟི་བསོད་ཡིན། ང་ཚོས་འགྲིག་པ་ཞིག་བྱས་ཡོད། དེ་རིང་གི་སྲུང་སྐྱོབ་ནི་སང་ཉིན་གྱི་བདེ་འཇགས་ཡིན་ཞེས་ཨ་མི་རི་ཀའི་འོས་འདེམས་དྲང་སྙོམས་བྱུང་འདུག འོས་འདེམས་དྲང་སྙོམས་བྱུང་བ་དེ་དྲང་སྙོམས་བྱུང་སོང་ཞེས་སྒྲོགས་ཕོད་པ་གཟི་བརྗིད་ཅིག་ལ་བརྩིས་ནས་འཕྲིན་ཐུང་ཞིག་སྤེལ་འདུག ཨ་རིའི་གཞུང་དང་སྒེར་གྱི་འོས་འདེམས་བདེ་འཇགས་སྲུང་སྐྱོབ་པ་༥༩་ཡིས་ཕྱི་ལོ་༢༠༢༠་ལོའི་ཨ་རིའི་སྲིད་འཛིན་འོས་འདེམས་ལ་ཕྱི་ནང་གཉིས་སུ་ཐེ་གཏོགས་དང་གཡོ་ཁྲམ་གང་ཡང་བྱུང་མ་སོང་ཞེས་དག་སྐྱེལ་བྱས་འདུག སྲིད་འཛིན་ཊམ་གྱིས་རྒྱལ་ནང་བདེ་འཇགས་ལྷན་ཁང་གི་དྲྭ་ལམ་བདེ་འཇགས་འགན་འཛིན་གནས་དབྱུང་བཏང་བར་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་ཀྱང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།།

ཁ་སང་གཟའ་ལྷག་པའི་ཉིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་ལས་ཐོག་སྲི་ཞུ་བ་ཞིག་གིས་ངས་སྒེར་འབྲེལ་ཐོག་ཏུ་ཇཱོ་བྷ་ཌན་གྱི་ལས་ཁུངས་ལ་འབྲེལ་བ་བྱས་པ་ཡིན། ང་ནི་ལྷག་བསམ་རྣམ་དག་ཡིན། ཇཱོ་བྷ་ཌན་གྱི་འཕོ་འགྱུར་རུ་ཁག་ལ་རྒྱབ་སྐྱོར་ཅི་ཞིག་བྱ་རྒྱུ་ཡོད་ཀྱང་སྒྲུབ་ཆོག་ཅེས་ཞུས་པ་ཡིན། ཁོ་ཚོས་ཀྱང་ངས་ཅི་ཞིག་སྒྲུབ་ཐུབ་པ་དང་ཅི་ཞིག་སྒྲུབ་མི་ཐུབ་པ་རྣམས་ཤེས་ཀྱི་འདུག་ཅེས་བཤད། ཟླ་ཤས་སྔོན་དེར་ཕོ་བྲང་དཀར་པོའི་སྲི་ཞུའི་ཁོངས་ནས་དགོངས་པ་ཞུས་པའི་ལས་སྣེ་ཟུར་པ་ཞིག་གིས་ཀྱང་ངས་ཇཱོ་བྷ་ཌན་གྱི་སྲིད་གཞུང་གི་ནང་དུ་སྲི་ཞུ་བསྒྲུབ་རྒྱུ་རེད་སྙམ་པའི་མི་ཞིག་ལ་འབྲེལ་བ་བྱས་པ་ཡིན། ཁོ་ཚོར་ཉམས་མྱོང་སློབ་སྟོན་དང་རོགས་རམ་ཅི་ཞིག་བྱ་དགོས་ཡོད་ཀྱང་བྱེད་ཆོག་ཅེས་ཞུས་པ་ཡིན། ཌོ་ནལ་ཊམ་གྱིས་རང་གི་ལས་སྣེ་ཚོར་སྲིད་གཞུང་འཕོ་འགྱུར་གྱི་ལས་དོན་ལ་མཉམ་རོགས་བྱེད་དུ་འཇུག་གི་མེད་པ་ཐབས་རྡུགས་ཤིག་རེད་ཅེས་སྐྱོན་བརྗོད་བྱས་འདུག ཇཱོ་བྷ་ཌན་གྱི་འཕོ་འགྱུར་རུ་ཁག་གི་ལས་སྣེ་ཚོས་ཀྱང་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་ལས་ཐོག་སྲི་ཞུ་བ་དང་ལས་བྱེད་པ་ཟུར་པ་ཚོས་ལྐོག་ཏུ་རྒྱབ་སྐྱོར་དང་མཉམ་རོགས་བྱེད་ཀྱི་ཡོད་པ་བདེན་པ་ཡིན་ཞེས་ངེས་གཏན་བྱས་ཤིང་། བྷ་ཌན་གྱི་མཐོ་རིམ་སློབ་སྟོན་པ་ཞིག་གིས་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་ལས་བྱེད་པ་མང་དག་ཅིག་གིས་རྒྱབ་སྐྱོར་བྱེད་ཀྱི་འདུག ཡིན་ནའང་སྲིད་འཛིན་ཊམ་གྱི་སྲིད་གཞུང་གིས་རྒྱལ་ཁབ་ཀྱི་འགྲོ་ལུགས་ལྟར་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་འཕོ་འགྱུར་ལས་དོན་ལ་མཉམ་རོགས་བྱེད་ཀྱི་མེད་པ་སྐྱུག་བྲོ་བ་ཞིག་རེད། སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་འཐུས་ཤོར་བཏང་ན་རྒྱལ་ཁབ་དང་མི་དམངས་ལ་གྱོང་རག་གི་རེད་ཅེས་བཤད་འདུག

འདི་ཙམ་ན་ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་ཇཱོ་བྷ་ཌན་གྱིས་ཡུ་རོབ་མཉམ་འབྲེལ་སོགས་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པའི་རྒྱུས་སྟོན་བྱས་འདུག དཔེར་ན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོས་སྙན་ཐོ་ཞིག་བཏོན་ནས་ཨ་མི་རི་ཀའི་མི་དམངས་དང་ཡུ་རོབ་མི་དམངས་ཀྱིས་འཛམ་གླིང་གི་སྒྲིག་སྲོལ་འདི་གསར་གཏོད་བྱས་ཡོད་པ་ལས་རྒྱ་ནག་གིས་གསར་གཏོད་བྱས་པ་ཞིག་མིན། ད་ལྟའི་འཛམ་གླིང་གི་ལམ་སྲོལ་འདི་དམངས་གཙོ་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས། མ་འོངས་པར་སའི་གོ་ལ་འདི་ཁ་ཕྱོགས་གང་ལ་བསྐྱོད་དགོས་མིན་ནི་ལམ་སྲོལ་དེར་གཞི་རྩ་བཟུང་ཡོད་ཅེས་བཀོད། གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌི་རིའུ་བྷ་ཊེ་སི་ཡིས་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རང་གི་མཐུན་གྲོགས་རྒྱལ་ཁབ་ལ་མཉམ་འབྲེལ་བྱས་ནས་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་ཡོད་པ་སོགས་ལ་ཁ་གཏད་གཅོག་རྒྱུའི་མོས་མཐུན་བྱས་སོང་། ངས་ཨ་རིའི་གྲོས་ཚོགས་སུ་སྲིད་དོན་ཚོགས་པ་གཉིས་མཉམ་འབྲེལ་བྱས་ནས་ལས་དོན་དེ་དག་བསྒྲུབ་ཐུབ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་བཤད། འདི་ནི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ལོ་བཞིའི་རིང་ལ་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་སྡུག་ཏུ་བཏང་སྟེ་མཉམ་འབྲེལ་བྱེད་ཀྱི་མེད་པའི་སྲིད་ཇུས་ལ་མོས་མཐུན་མེད་པའི་རྣམ་འགྱུར་གསལ་པོར་བསྟན་པ་ཞིག་མཚོན་ཐུབ། ད་ལྟ་སྲིད་འཛིན་ཊམ་འཕོ་འགྱུར་འགྲོ་རྒྱུ་དེར་དུས་ཡུན་ཟླ་བ་གཉིས་ལས་མེད་པའི་སྐབས་སུ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་གོང་མའི་འཐུས་མི་ཚོས་རིམ་བཞིན་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པར་ངོས་ལེན་དང་བྷ་ཌན་གྱི་སྲིད་གཞུང་ལ་མཉམ་འབྲེལ་བྱ་རྒྱུའི་བརྡ་ཞིག་གཏོང་གི་ཡོད་པ་རེད།།

XS
SM
MD
LG