ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

བོད་ཀྱི་རྩོམ་པ་པོ་དང་ལོ་ཙཱ་བ་བཀྲས་གླིང་དབང་རྡོར་སྐུ་གཤེགས་འདུག


༄༅།། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་རྩོམ་པོ་དང་ལོ་ཙཱ་བ་གྲགས་ཅན་བྲག་གདོང་བཀྲས་གླིང་དབང་རྡོར་ཕྱི་ཟླ་༤་ཚེས་༢༧་ཉིན་དགུང་ལོ་༨༨་ཐོག་ཏུ་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་པའི་གནས་ཚུལ་ཐོན་འདུག ཕྱི་ཚེས་༢༨་ཉིན་འདི་གའི་གསར་འགོད་པས་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟླ་བ་བཀྲ་ཤིས་ལ་རྩོམ་པ་པོ་ངོ་སྤྲོད་དང་གཏམ་རྒྱུད་དེའི་ནང་དོན་ཐད་བཅར་འདྲི་ཞུས། ཁོང་གིས་བཀྲས་ཟུར་ཚང་གི་གསང་བའི་གཏམ་བརྒྱུད་ཀྱིས་སྔ་མོའི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོའི་གནས་སྟངས་མཚོན་འདུག་ཅེས་ལན་འདེབས་གནང་འདུག

རྩོམ་པ་པོ་འདི་པ་༡༩༣༤་ལོར་རྒྱལ་རྩེ་བྲག་གདོང་དུ་སྐུ་དྲག་ཆུང་ཁག་གི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ༡༩༤༦་ལོར་བཀའ་ཤག་གིས་བོད་ཕྲུག་བཅུ་རྒྱ་གར་དུ་དབྱིན་ཇིའི་སློབ་གྲྭར་བཏང་བའི་གྲས་ཀྱི་གཅིག་ཡིན་ཞིང་། ༡༩༥༣་ལོར་བོད་ལ་ཕྱིར་ལོག་གནང་སྟེ་ལྷ་ས་དང་གཞིས་རྩེའི་ལས་བྱེད་སློབ་གྲྭ་སོགས་སུ་དགེ་རྒན་གྱི་ཕྱག་ལས་གནང་སྟེ་༡༩༩༡་ལོར་བགྲེས་ཡོལ་དུ་ཕེབས། ཁོང་གིས་སྒྲུང་རིང་བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ནི་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུ་བརྩོམས།།

དམ་པ་དེར་ལོ་ཤས་གོང་དུ་བོད་ནང་གི་མི་ཞིག་གིས་བཅར་འདྲི་ཞུས་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་བལྟ་རྒྱུ་ཡོད་པ་དེར་བརྩམས་སྒྲུང་དེ་ཐོག་མར་མགོ་གང་ནས་བཙུགས་ཡོད་པ་དང་མཐར་གཞུག་གང་དུ་བསྡུས་མིན། བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ནི་མགོ་བྲོས་བྱོལ་ནས་བརྩམས། མཇུག་བྲོས་བྱོལ་ནས་བསྡུས། མགོ་མི་གསོད་ནས་བརྩམས། མཇུག་མི་གསོད་ནས་བསྡུས། བྲོས་བྱོལ་དང་མི་གསོད་ཀྱི་བར་དུ་བཀྲས་ཟུར་ཚང་ཟེར་བའི་ཁྱིམ་ཚང་ཞིག་མེད་པ་ནས་ཡོད་པར་གྱུར། ཁྱིམ་ཚང་དེ་ཡོད་པ་ནས་ཐམས་ཅད་མེད་པར་གྱུར་པ་དེ་བཀྲ་ཟུར་ཚང་གི་གཏམ་རྒྱུད་ཀྱི་འཕེལ་འགྲིབ་རེད་ཅེས་གསུངས་འདུག་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གནས་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG