ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༠༨

བོད་དང་ཁུ་ནུའི་བར་གྱི་འབྲེལ་བ།


སྤྱིར་བོད་དང་ཁུ་ནུའི་བར་དུ་ཐོག་མའི་འབྲེལ་བ་ཅི་ལྟར་བྱུང་མིན་ནི་ཁ་གསལ་བོར་བརྗོད་དཀའ་བ་ཞིག་ཡིན་ནའང་། མཁས་པ་ཁ་ཅིག་ནས་ཁུ་ནུ་ས་ཁུལ་དུ་ད་ལྟའང་བོན་གྱི་ཕྱག་སྲོལ་དག་དར་ཁྱབ་ཆེ་བ་དང་། སྔ་མོའི་རྡོ་རིས་དང་བཅས་པའི་ནང་གཡུང་དྲུང་སོགས་ཀྱི་རི་མོ་མཇལ་རྒྱུ་ཡོད་སྟབས། ཞང་ཞུང་གི་དུས་ནས་འབྲེལ་བ་ཡོད་པའི་ཚོད་དཔག་གནང་མཁན་འདུག གཞན་ཁ་ཅིག་གིས་དུས་རབས་བདུན་པ་དང་བརྒྱད་པའི་ནང་གི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་སུ། བོད་ཀྱི་མངའ་ཁོངས་རྒྱ་བསྐྱེད་ཀྱིས་དབང་སྒྱུར་གནང་སྐབས། ཁུ་ནུ་ཡང་སྟོད་མངའ་རིས་སྐོར་གསུམ་གྱི་ས་ཁོངས་སུ་བོད་ཀྱི་མངའ་འོག་ཏུ་ཡོད་སྐོར་གསུངས་མཁན་ཡང་འདུག ཡིན་ན་ཡང་། བོད་སིལ་བུར་འཐོར་བའི་རྗེས་སུ་ཁུལ་དེ་དག་རྒྱལ་ཕྲན་དུ་མར་གྱུར་བ་དང་། དུས་རབས་བཅུ་པ་དང་བཅུ་གཅིག་པའི་ནང་ལོ་ཆེན་རིན་ཆེན་བཟང་པོ་རྒྱ་གར་གྱི་ཀྴ་མིར་ཁུལ་དུ་ནང་ཆོས་སློབ་གཉེར་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་ཆེད་རྒྱ་གར་ནང་ཐེངས་ཁ་ཤས་ཕེབས་སྐབས། ཁུ་ནུ་དང་བོད་ཀྱི་དབར་མཛའ་མཐུན་གྱི་འབྲེལ་བ་བཙུགས་པ་ལོ་རྒྱུས་ནང་ཁ་གསལ་ཡོད་སྐོར་ལོ་ཆེན་རིན་པོ་ཆེ་སྐུ་ཕྲེང་༡༩ པས་ངོ་སྤྲོད་གནང་འདུག

ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ནས་ཨ་ཅརྱ་ཡི་བསླབ་པ་མཐར་སོན་མཁན་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དུ་མར་གསུང་ཞབས་ཞུས་མྱོང་ཡོད་པའི། Acharya Roshan Lal Negi ལགས་ཀྱིས། བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱ་རྒོད་ཕུང་བོའི་རིར་བཀའ་བར་བའི་ཆོས་འཁོར་སྐོར་སྐབས། ཁུ་ནུའི་རྒྱལ་པོ་ཆོས་ཞུགས་ལ་བཅར་ཡོད་ཚུལ་གསུངས་སྲོལ་ཡོད་སྟབས། ཁུལ་དེར་ནང་ཆོས་ལོ་ངོ ༢༥༠༠ ཡི་གོང་ནས་དར་བ་ཞིག་ལ་ངོས་འཛིན་གནང་མཁན་ཡོད་སྐོར་གསུངས་སོང་། ཡང་མཁས་པ་ཁ་ཅིག་ནས་ཆོས་རྒྱལ་མྱ་ངན་མེད་པའི་སྐུ་དུས་སུ་དར་ཚུལ་དང་། གཞན་ཁ་ཅིག་གིས་དུས་རབས་བརྒྱད་པའི་ནང་ཨོ་རྒྱན་རིན་པོ་ཆེ་ཁུལ་དེར་ཕེབས་ནས་མཛད་པ་རྒྱ་ཆེར་བསྐྱངས་སྐབས་ནང་ཆོས་ཁུལ་དེར་དར་ཡོད་ཚུལ་སོགས་གསུངས་སྲོལ་མི་འདྲ་བ་ཁ་ཤས་འདུག་ཀྱང་། ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ། Dr Wangchuk Dorji Negi ལགས་ཀྱིས་ལོ་ཆེན་རིན་ཆེན་བཟང་པོ་ཕེབས་ནས་ནང་ཆོས་དར་བ་དེ་ནི་དཔང་རྟགས་ཡོད་པའི་ལོ་རྒྱུས་ཤིག་ཡིན་སྐོར་འགྲེལ་བརྗོད་གནང་སོང་། ཁོང་ཉིད་ནས་ཁུ་ནུ་ཁུལ་དུ་ནང་ཆོས་དར་པའི་ཁོངས་སུ་དགེ་ལུགས་དང་། འབྲུག་པ་བཀའ་རྒྱུད། རྙིང་མ་དང་བཅས་པའི་ཆོས་བརྒྱུད་ཁ་ཤས་དར་ཡོད་པ་མ་ཟད། དུས་རབས། ༡༦ ནས། ༢༠ བར་ཁུ་ནུ་ས་ཁུལ་ནས་དུས་ནས་དུས་སུ་གདན་ས་བཀྲིས་ལྷུན་པོ་དང་། བདེ་ཆེན་ཆོས་འཁོར་ལ་སོགས་པའི་བོད་ནང་གི་སློབ་གཉེར་ཁང་ཚོར་སློབ་གཉེར་ཆེད་ཁུ་ནུ་བ་མང་པོ་ཕེབས་ཡོད་པ་དང་། འདིའི་ཁྲོད་དུས་རབས། ༡༧དང་༡༨ ནང་། ལོ་ཆེན་རིན་ཆེན་བཟང་པོའི་སྐུ་སྐྱེས་ ༡༥ པས་བཀྲིས་ལྷུན་པོར་གུ་གེ་ཁང་ཚན་ཡང་གསར་འཛུགས་གནང་བ་དང་། རིམ་པས་ཁུ་ནུའི་མཁས་པ་མང་པོ་བྱུང་ཡོད་སྐོར་ཡང་གསུངས་སོང། ནང་པའི་ལྟ་གྲུབ་དང་སཾ་སྐྲི་ཏའི་སྐད་ལ་མཁྱེན་རྒྱ་ཆེ་བའི་སློབ་དཔོན་ཆེན་མོ་སེམས་དཔའ་རྡོ་རྗེ་ལགས་ཀྱིས། བོད་ནང་སློབ་གཉེར་གནང་བའི་ཁུ་ནུ་བའི་དགེ་བའི་བཤེས་གཉེན་དུ་མ་བྱུང་ཡོད་པ་ནས་ཁག་ཅིག་ངོ་སྤྲོད་གནང་སོང་།

ཕྱི་ལོ། ༡༨༩༥ ལོར་ཁུ་ནུར་སྐུ་འཁྲུངས་པའི་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་དེ་ཉིད་ནི། ལོ་ངོ༢༥ ཙམ་གྱི་རིང་ལ་བོད་ཀྱི་ས་ཕྱོགས་གང་སར་ཕེབས་ནས་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་དྲུང་ནས་གཞུང་ཆེན་གསན་བསམ་གནང་རྗེས། དུས་རབས། ༢༠ ནང་གི་ནང་པའི་མཁས་པ་ཆེན་པོ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་ལ་སོགས་པའི་སྐྱེས་ཆེན་དུ་མར་བཀའ་ཁྲིད་གནང་མཁན་ཞིག་བྱུང་ཡོད་སྐོར་ཡང་ཝར་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ། Professor Ramesh Chandra Mathas ལགས་ཀྱིས་ངོ་སྤྲོད་གནང་སོང་།

བོད་དང་ཁུ་ནུ་གཉིས་དབར་གྱི་འབྲེལ་བ་བཞིན་ཆོས་ཕྱོགས་གཅིག་པུ་ནས་མ་ཡིན་པར། དུས་རབས། ༡༧ པའི་ནང་། དགའ་ལྡན་ཕོ་བྲང་གཞུང་གི་སྐུ་ཚབ་སོག་པོ་དགའ་ལྡན་ཚེ་དབང་དང་ཁུ་ནུའི་རྒྱལ་པོ། Kiran Singh གཉིས་མཐུན་ཕྱོགས་ཀྱིས་ལ་དྭགས་ལ་དམག་དྲངས་རྗེས་ཕན་ཚུན་མཐུན་སྒྲིལ་ཆེད་བྱང་ཐང་ལ་ཆིངས་ཡིག་ཅིག་བཞག་ཡོད་སྐོར་གསུངས་སྲོལ་འདུག་ལ། གཞན་མཁས་པ་ཁག་ཅིག་གིས་སྐབས་དེར་ཁུ་ནུ་དང་བོད་དབར་ལའང་མ་མཐུན་པ་བྱུང་རྗེས་ཕན་ཚུན་གྲོས་མོལ་གྱི་ཡིག་ཆ་ཞིག་བཞག་ཡོད་སྐོར་གསུངས་མཁན་ཡང་འདུག། གང་ལྟར་ཕྱི་ལོ། ༡༦༨༡ ལོར་དགའ་ལྡན་ཕོ་བྲང་གཞུང་དང་ Bushahr རྒྱལ་པོ་གཉིས་དབར། ཆིངས་ཡིག་བཞག་པ་འདིའི་སྐོར་ཧི་མ་ཅལ་མངའ་སྡེའི་རྫོང་གི་ཁྲིམས་ཁང་ནང་ཁྲིམས་དཔོན་དང་རྫོང་དཔོན་ཐེངས་ཁ་ཤས་གནང་མྱོང་ཡོད་པའི། མཁས་དབང་ཤེས་རབ་ཆོས་འཕེལ་ལགས་ཀྱིས། དེ་ནི་ཕྱོགས་གཉིས་དབར་གནས་མཇལ་ཕེབས་མཁན་ལ་སོགས་པའི་མི་སེར་ཚོའི་འགྲོ་འོང་ལ་སུན་པོ་མི་བཟོ་བར་གུས་རྩིས་ཞུ་རྒྱུ་དང་། ཕྱོགས་གཉིས་དབར་ཚོང་འབྲེལ་མཐུན་ལམ་སླད་ཚོང་པ་ཚོའི་འགྲོ་འོང་དང་ཚོང་འབྲེལ་གྱི་གནད་དོན་ཐད་ཕན་ཚུན་མཐུན་ལམ་ཆེད་བཞག་པ་ཞིག་ཡིན་སྐོར་གསུངས་སོང་།

ཆིངས་ཡིག་དེ་ད་ལྟའི་ཆར་ཡིག་ཐོག་ཏུ་མཇལ་རྒྱུ་ཡོད་མེད་གསུངས་དཀའ་བ་ཞིག་རེད་འདུག་ཀྱང་། འདི་ནི་དུས་ནམ་གནས་བར་གྱི་ཆིངས་ཡིག་ཅིག་ཡིན་མིན་སྐོར་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཧི་མ་ལ་ཡ་དང་བོད་དབར་གྱི་འབྲེལ་བའི་ཐོག་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་འདི་གར་ངོ་སྤྲོད་གནང་སོང་།

གཞན་ཡང་ཧི་མ་ཅལ་མངའ་སྡེ་གཙུག་ལག་སློབ་གཉེར་ཁང་གི་པོ་ཏི་སྡེ་ཚན་གྱི་ཚོགས་གཙོ་། Dr. Vidya Sagar Negi ལགས་ཀྱིས། སྐབས་དེ་དུས་བཞག་པའི་ཆིངས་ཡིག་དེར་ཆེ་བསྟོད་ཀྱི་ཆེད་ Bushahr རྒྱལ་ཕྲན་དུ་ Rampur Mela ཞེས་པའི་ཚོང་དུས་ཤིག་འཚོགས་བཞིན་ཡོད་པ་དང་། བོད་མ་ཤོར་བར་བོད་ནས་ཚོང་པ་མང་པོས་བོད་ནང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་སེམས་ཅན་གྱི་ཁུ་ལུ་དང་ཤ་མར་ཕྱུ་ར། དེ་བཞིན་གཟི་བྱུ་རུ་ལ་སོགས་པའི་རིན་ཆེན་གྱི་རིགས་འཁྱེར་ཡོང་གི་ཡོད་པ་དང་། རྒྱ་གར་ནང་ཕར་བཟའ་འབྲུ་དང་སྨན་སྣ། དེ་བཞིན་རས་ལ་སོགས་པའི་ཚོང་རྫས་བོད་ནང་དབོར་འདྲེན་བྱ་བཞིན་ཡོད་ལ། དུས་ད་ལྟའང་ཚོང་དུས་དེ་བཞིན་མུ་མཐུད་ནས་གནས་བཞིན་ཡོད་སྐོར་གསུངས་སོང་།

གཞི་རྩའི་བོད་མི་རྣམས་ད་ལྟའི་ཆར་རང་ཡུལ་དུ་རྒྱ་ནག་གིས་བཙན་འཛུལ་བྱས་ཡོད་པའི་རྐྱེན་གྱིས། བཙན་བྱོལ་དུ་གྱར་དགོས་བྱུང་ཡོད་ཀྱང་། རྒྱ་གར་ནང་གི་བོད་པའི་གདན་ས་ཁག་དང་སློབ་གཉེར་ཁང་བཅས་པའི་ནང་། དུས་ད་ལྟའང་ཁུ་ནུ་བ་དང་བོད་མིའི་དབར་གྱི་འབྲེལ་བ་མུ་མཐུད་ནས་གནས་མུས་ཡིན་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG