ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ལ་ཆུ་ལོག་བརྒྱུགས་ནས་མི་ས་ཡ་གཅིག་ལྷག་ཆགས་ས་མེད་པར་གྱུར། 


༄༅།། བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་རྒྱ་ནག་གི་ཧི་ནན་ཞིང་ཆེན་གྱི་ཀྲེང་ཀྲུག་གྲོང་ཁྱེར་ལ་ཆར་ཞོད་ཆེན་པོ་བབས་ཏེ་ཆུ་ལོག་བརྒྱུགས། རྒྱ་ནག་གཞུང་གིས་ཐེངས་འདིའི་ཆུ་ལོག་སྐབས་སུ་མི་༦་ལ་འཆི་སྐྱོན་བྱུང་བ་དང་མི་གྲངས་ས་ཡ་གཅིག་ལྷག་ཆགས་ས་རྟེན་ས་མེད་པར་གྱུར་སོང་། ད་ལོའི་ཆུ་ལོག་འདི་ཀྲེང་ཀྲུག་གྲོང་ཁྱེར་ལ་ལོ་སྟོང་ཕྲག་གཅིག་གི་ནང་དུ་བྱུང་མྱོང་མེད་པ་ཞིག་རེད་ཅེས་བཀྲལ། ཕྱི་ཟླ་༧་པའི་ཚེས་༢༧་ཉིན་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀྲེང་ཀྲུག་གྲོང་ཁྱེར་གྱི་ཞིན་ཤང་ས་གནས་ཀྱི་ཡུལ་མི་ཨ་ན་ཝང་ཞེས་པའི་རྒྱ་མོ་ཞིག་གིས་སྔོན་ལ་གནམ་ངོ་འཐིབས་སོང་། དེ་ནས་ཉིན་མཚན་གསུམ་ལ་ཆར་པ་བསྟུད་མར་བབས། ང་ཚོའི་ཟ་ཁང་སྒོར་བྱེ་ཁུག་བརྩིགས་ནས་ཆུ་བཀག་ཀྱང་ཆུ་ལོག་འགོག་མ་ཐུབ་པར་ཁྱིམ་དུ་ཆུ་བླུགས་སོང་། ང་དང་བུ་ཆུང་གཉིས་ཕན་ཚུན་འཐམས་ནས་སྲོག་མགོ་ཐོན་ཐབས་བྱས་པ་ཡིན། ང་ཚོས་བྱེ་ཁུག་བརྩིགས་ནས་ཆུ་ལོག་འགོག་ཐུབ་པ་ཞིག་མ་རེད་ཅེས་བཤད། ཨ་ན་ཝང་གི་ཟ་ཁང་གི་བྱང་ཕྱོགས་སུ་ཧྥི་ཊི་བརྒྱ་ཕྲག་འགའ་ཞིག་གི་མཚམས་སུ་ཇིན་ཀྭང་ས་འོག་ཕུག་ལམ་ཡོད་ཅིང་། བདུན་ཕྲག་སྔོན་མར་ས་འོག་ཕུག་ལམ་ནང་དུ་ཆུ་བླུགས་ནས་ཆག་སྒོ་ཆེན་པོ་བྱུང་། ས་འོག་ཕུག་ལམ་ནང་དུ་མ་མཐར་ཡང་རླངས་འཁོར་༢༠༠་ལྷག་ཡོད་པ་དང་རླངས་འཁོར་ནང་གི་མི་ཚོས་རྒྱ་ལམ་འགགས་པ་རེད་བསམས་ནས་ཆུ་ལོག་རྒྱུག་གི་ཡོད་པ་མ་ཤེས། མཐའ་མཇུག་ས་འོག་ཕུག་ལམ་ཆུ་ལོག་གིས་ཁེངས་ཏེ་རླངས་འཁོར་ནང་གི་མི་ཕལ་ཆེ་བ་ཐར་མེད་པ་དང་འཆི་གསོན་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ཝུ་ཆང་ཞེས་པའི་རླངས་འཁོར་ཁ་ལོ་བ་ཞིག་གིས་སྐབས་དེར་ང་ནི་ཅི་བྱ་གཏོལ་མེད་དུ་གྱུར་སོང་། ང་དང་རླངས་འཁོར་ནང་གི་འགྲུལ་པ་གཉིས་རླངས་འཁོར་སྟེང་དུ་འཛེགས་ཏེ་ས་འོག་ཕུག་ལམ་གྱི་གནམ་ངོས་སུ་འཐེན་པའི་ལྕགས་སྦུག་ལ་འཐམས་ནས་ཕྱི་ལ་ཐར་ཐབས་བྱས་པ་ཡིན། ང་ཚོ་ཕྱི་ལོགས་སུ་ཐར་པའི་རྗེས་སུ་སྐྲག་འདར་བརྒྱབ་སྟེ་ལུས་པོས་རང་ཚུགས་ཟིན་གྱི་མི་འདུག་ཅེས་བཤད། ཀྲེང་ཀྲུག་གྲོང་ཁྱེར་གྱི་ཉེན་སྐྱོབ་མི་སྣ་ཚོས་ཆུ་རྙོག་གིས་ཁེངས་པའི་ས་འོག་ཕུག་ལམ་དེའི་ས་ཚིགས་འགའ་ཞིག་ནས་ཆུ་འཐེན་གྱི་ཡོད་ཀྱང་ཕྱི་ཟླ་༧་པའི་ཚེས་༢༥་ཉིན་ཡང་ཆུ་རྙོག་རྣམས་འཐེན་ཚར་མེད་པར་མ་ཟད། རྒྱ་གཞུང་གི་ཉེན་རྟོག་པ་བརྒྱ་ཕྲག་མང་པོས་ས་འོག་ཕུག་ལམ་དེའི་ཉེ་འཁོར་ཐམས་ཅད་བཀག་སྟེ་འདམ་ཉོག་ནང་ནས་བླངས་པའི་རླངས་འཁོར་བརྒྱ་ཕྲག་འགའ་ཞིག་ཉེ་འཁོར་དུ་སྤུངས། ཀྲེང་ཀྲུག་གྲོང་ཁྱེར་གྱི་ས་འོག་མེ་འཁོར་ནང་དུ་ཆུ་བླུགས་ཏེ་མི་༡༣་ལ་འཆི་སྐྱོན་ཕོག མི་ཁག་ཅིག་གིས་ས་འོག་མེ་འཁོར་ནང་དུ་ཆུ་བླུགས་ཡོད་པ་དང་ཆུའི་མཐོ་ཚད་འགྲུལ་པ་ཚོའི་བྲང་ཁོག་ལ་བསླེབས་པའི་བརྙན་ཐུང་བླངས་ཏེ་སྤྱི་ཚོགས་དྲྭ་ལམ་དུ་བཀྲམ། ལོ་བཅོ་ལྔར་སོན་པའི་བུ་མོ་ཞིག་གིས་ངས་ས་འོག་མེ་འཁོར་དུ་མི་ཤི་བའི་རོ་ལ་ལག་པ་འཆང་བ་ནི་མི་ཚེ་འདིར་ཕུང་པོ་ཞིག་ལ་ལག་པ་འཆང་བ་ཐེངས་དང་པོ་ཡིན། ངའི་ཉེ་འཁྲིས་སུ་མི་ཤི་ཡོད་ཀྱང་རིག་པ་བསྒྲིམས་ནས་ད་དུང་ང་འཆི་བའི་དུས་སུ་བསླེབས་མེད་ཅེས་རང་གིས་རང་ལ་སྙིང་སྟོབས་སྤར་བ་ཡིན་ཞེས་བརྙན་ཐུང་ཞིག་བླངས། ཁོ་མོའི་བརྙན་ཐུང་ནང་དུ་ས་འོག་མེ་འཁོར་ནང་དུ་ལུས་ཡོད་པའི་འགྲུལ་པ་ཚོས་དབུགས་འབྱིན་རྔུབ་བྱེད་མ་ཐུབ་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་མཐོང་ཐུབ། དུས་ཡུན་ཆུ་ཚོད་འགའ་ཞིག་གི་རྗེས་སུ་ས་འོག་མེ་འཁོར་ནང་དུ་འགགས་པའི་མི་རྣམས་བསྐྱབས། ད་ལྟ་བདུན་ཕྲག་གཅིག་གི་རྗེས་སུའང་ཀྲེང་ཀྲུག་གྲོང་ཁྱེར་གྱི་སྲང་ལམ་ཁག་གི་ཆུ་རྣམས་མ་སྐམ་པར་རང་སོར་འཁྱིལ།།

བདུན་ཕྲག་སྔོན་མའི་གཟའ་མིག་དམར་ཉིན་ཀྲེང་ཀྲུག་གྲོང་ཁྱེར་ལ་ཆུ་ལོག་བརྒྱུགས་པའི་སྔ་ཉིན་དེར་ཝུ་ཆའོ་ཞེས་པའི་སྐྱེས་པ་ཞིག་དབྱིན་ལེ་༣༠༠་ལྷག་གི་ཕ་རོལ་གྱི་ཞཱི་ཨན་གྲོང་ཁྱེར་ལ་ཚོང་ལས་སུ་སོང་། ཁོ་པས་འཕྲལ་དུ་རླངས་འཁོར་ནང་དུ་འཐུང་ཆུ་དང་བཟའ་བཅའ་རྣམས་ཁྱེར་ནས་མཚན་འགྲུལ་བྱས་ཏེ་ཉེན་སྐྱོབ་ལ་བསླེབས། ཕྱི་ཉིན་ཞོགས་པར་ཝུ་ཆའོ་དང་ས་གནས་དེའི་སྒེར་པ་དང་བླངས་པ་བཅུ་གྲངས་ཤིག་གིས་ཛ་དྲག་གི་ཉེན་སྐྱོབ་རུ་ཁག་བཙུགས། ཀྲེང་ཀྲུག་གྲོང་ཁྱེར་གྱི་རྒྱ་ལམ་རྣམས་འགགས་པ་དང་མེ་འཁོར་འགྲིམ་འགྲུལ་མཚམས་ཆད། གྲོང་ཁྱེར་དེར་གནས་སྐབས་རིང་མཁའ་ལམ་འགྲིམ་འགྲུལ་ཡང་མཚམས་ཆད། ཡིན་ནའང་ཝུ་ཆའོ་སོགས་ཀྱིས་སྨྱུག་རྒྱུག་བསྡམས་ཏེ་ཤིང་གྲུ་ལྟ་བུ་ཞིག་བཟོས་ནས་ཀྲེང་ཀྲུག་སྨན་ཁང་གི་ནད་པ་རྣམས་བསྐྱབས། ཤང་ནན་མཱིན་ཞེས་པའི་དང་བླངས་རུ་ཁག་གཞན་ཞིག་གི་རུ་དཔོན་གྱིས་ངས་ཉེན་སྐྱོབ་ཀྱི་ཆེད་ལས་བསྒྲུབས་ནས་ལོ་དྲུག་ཕྱིན་སོང་། ང་ཚོ་ཧི་ནན་ལ་མ་བསླེབས་བར་དུ་ཆུ་ལོག་ཚབས་ཆེན་འདི་འདྲ་ཞིག་བརྒྱུགས་ཡོད་པ་མཐོང་མྱོང་མེད། ཆུ་ལོག་གི་གནོད་སྐྱོན་ཚབས་ཆེན་དང་མི་གྲངས་ཆེས་མང་བ་ཞིག་ལ་གནོད་འཚེ་ཐེབས་འདུག་ཅེས་བཤད། ཤང་ནན་མཱིན་གྱི་རུ་ཁག་དེས་ཉི་མ་གསུམ་གྱི་ནང་དུ་མི་༦༠༠་ཐམ་པ་མཐོ་སར་བླངས། ཧུ་སུང་སུང་ཞེས་པའི་གྲོང་མི་རྒྱ་མོ་ཞིག་གིས་ང་ཚོའི་གྲོང་གླིང་འདི་ནས་མི་མང་པོ་ཞིག་ཐར་མེད། ཁོ་ཚོས་རང་གི་མཁར་རྗེ་དབང་ཐང་བློས་མ་ཐོངས་པར་ལུས་སོང་། ཕྱི་ལ་བྲོས་ཐུབ་པ་ཚོས་བུ་ཕྲུག་དང་ལུས་ཀྱི་གྱོན་གོས་མ་གཏོགས་ཅི་ཡང་ཁྱེར་ཐུབ་མེད། མཚན་མོར་ཆར་པ་བབས་ནས་ཆུ་ཚོད་འགའ་ཞིག་གི་ནང་དུ་ང་ཚོའི་ཁང་པ་ཐོག་བརྩེགས་འོག་མའི་ནང་དུ་ཆུ་བླུགས་སོང་། ང་དང་ཁྱིམ་མཚེས་ཀྱི་མི་ཁག་ཅིག་གིས་རྒན་རྒོན་རྣམས་གཉིད་ལས་བསླངས། མི་བཅུ་ཕྲག་མང་པོ་མཐོ་ས་ཞིག་ཏུ་ཡོད་པའི་མགྲོན་ཁང་ནང་ལ་ཉེན་གཡོལ་དུ་ཕྱིན་པ་ཡིན་ཞེས་བཤད།།

ཨ་རིའི་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༣༥་ལ་སོན་པའི་རྒྱ་མོ་ཧྲང་ཅ་ལིན་ཞེས་པ་ཞིག་གི་མིག་མདུན་དུ་ལོ་༧་ལ་སོན་པའི་བུ་ཆུང་ཆུ་ལོག་གིས་ཁྱེར། ཁོ་མོ་སེམས་ཐག་མ་ཆད་པར་བུ་ཆུང་གསོན་གནས་ཡིན་པའི་རེ་བ་འཆང་གི་ཡོད་མོད། འོན་ཀྱང་ཉི་མ་རེ་རེ་བཞིན་ཧྲང་ཅ་ལིན་གྱི་བུ་ཆུང་གསོན་པོར་རྙེད་ཐུབ་པའི་གོ་སྐབས་ཤིན་ཏུ་ཆུང་། ཁོ་མོས་ང་ཚོས་ཉེན་སྐྱོན་རུ་ཁག་རྣམས་དང་གསར་འགྱུར་ལས་ཁང་ཁག་ལ་འབྲེལ་བ་བྱེད་ཀྱི་ཡོད་ཀྱང་བུ་ཆུང་རྙེད་ཀྱི་མི་འདུག་ཅེས་མིག་ཆུ་ཉིལ། ཀྲའོ་ཡ་ཅེ་ཞེས་པའི་རྒྱ་མོ་གཞན་ཞིག་གིས་ཀྱང་མི་ཧ་ཅང་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མི་འདུག ངའི་གཅེན་མོ་ལོ་ན་༨༨་ལ་སོན་པ་ཞིག་ཀྱང་རྙེད་ཀྱི་མི་འདུག ས་གནས་འདིར་རྒན་རྒོན་གཅིག་པུ་ལྟ་རྟོག་བྱེད་མཁན་མེད་པ་ཧ་ཅང་མང་པོ་ཞིག་ཡོད། ཁོ་ཚོས་གནས་ཚུལ་ངོ་མ་ཕྱིར་བསྒྲགས་བྱེད་མི་ཕོད། ཁོ་ཚོས་གནས་ཚུལ་ངོ་མ་སྦ་གསང་བྱས་ནས་ཕྱི་ལ་ཁྱབ་ཏུ་འཇུག་གི་མ་རེད་ཅེས་སྡིགས། རྒྱ་ནག་གཞུང་གིས་ཀྲེང་ཀྲུག་གྲོང་ཁྱེར་གྱི་ཆུ་ལོག་ནང་དུ་མི་ལྔ་དྲུག་ཅིག་ལས་ཤི་མེད་ཅེས་སྒྲོགས་ཀྱི་ཡོད་པ་དང་ས་གནས་མི་མང་གིས་བཟའ་ཟླ་བུ་ཕྲུག་དང་ཕ་མ། གཉེན་ཚན་དང་གྲོགས་པོ་སོགས་རྙེད་ཀྱི་མེད་པར་འདྲ་པར་དང་ཐོབ་ཐང་དཔང་ཡིག་སོགས་དྲྭ་ལམ་དུ་བཀྲམ་ནས་འཚོལ་ཞིབ་བྱེད་ཀྱི་ཡོད་པར་གཞིགས་ཚེ། ཀྲེང་ཀྲུག་གྲོང་ཁྱེར་གྱི་ཆུ་ལོག་སྐབས་སུ་མི་ཧ་ཅང་མང་པོ་ཞིག་ཤི་ཡོད་སྲིད་པའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ། ཧི་ནན་ཞིང་ཆེན་ནི་རྒྱ་ནག་གི་ཞིང་ལས་ཀྱི་ཐོན་ཁུངས་ལེགས་པའི་ས་གནས་ཤིག་ཡིན་ཞིང་། བདུན་སྔོན་མའི་ཆུ་ལོག་གིས་མི་གྲངས་ས་ཡ་༡༡་གི་འཚོ་བར་གནོད་སྐྱོན་དང་ཨ་སྒོར་དུང་ཕྱུར་༧༣་ལྷག་གི་དཔལ་འབྱོར་ཐོན་སྐྱེད་ལ་གྱོང་རྒུད། ཀྲེང་ཀྲུག་གྲོང་ཁྱེར་གྱི་རྒྱ་ལམ་ཁག་ཏུ་ཀོང་དོང་ཆགས་ཏེ་རྒྱ་ལམ་འཛུགས་སྐྲུན་གྱི་སྤུས་ཚད་ལ་བློ་འཚབ་བྱེད་དགོས་པ་དང་མི་ཁག་ཅིག་གིས་སྲིད་གཞུང་གི་ཉེན་སྐྱོབ་བྱས་མ་སོང་ཞེས་སྐྱོན་བཙུགས། ས་གནས་ཀྱི་གནམ་གཤིས་སྔོན་བརྡ་ལས་ཁུངས་ཁག་གིས་མི་དམངས་ལ་སྔོན་ནས་ཆུ་ལོག་བརྒྱུག་རྒྱུ་རེད་ཅེས་བརྡ་བརྒྱབ་ཡོད་ཟེར། རྒྱ་ནག་གི་གོད་ཆག་སྔོན་འགོག་ཁང་གི་འགོ་ཁྲིད་སྣེ་ཁྲེང་ཞའོ་ཐའོ་ཞེས་པ་ཞིག་གིས་ཆུ་ལོག་དང་ས་འགུལ། རང་བྱུང་ཁམས་ཀྱི་གནོད་འཚེ་བྱུང་བའི་དུས་སུ་རྒྱ་ནག་ལ་སྤྱི་ཡོངས་ཀྱི་ཉེན་སྐྱོབ་ལས་དོན་སྒྲུབ་པའི་ལམ་སྲོལ་ཞིག་ཚུགས་ཐུབ་མི་འདུག ཉེན་བརྡ་བཏང་བའི་རྗེས་སུ་ང་ཚོས་གནས་སྟངས་གང་འདྲ་ཞིག་གི་འོག་ཏུ་ལས་མཚམས་བཞག་སྟེ་བཟོ་གྲྭ་རྣམས་སྒོ་རྒྱག་དགོས་མིན། སྲིད་གཞུང་གི་ལས་ཁུངས་ཁག་གིས་མཉམ་འབྲེལ་བྱས་ནས་ཉེན་སྐྱོན་ཇི་ལྟར་བྱེད་དགོས་མིན། ངལ་སེལ་དངོས་ཟོག་རྣམས་ཇི་ལྟར་བགོ་འགྲེམ་བྱེད་དགོས་མིན། ཛ་དྲག་གི་ཉེན་སྐྱོན་ལས་དོན་ཇི་ལྟར་བསྒྲུབ་དགོས་མིན་བཅས་ལ་འཆར་འགོད་གཏན་ནས་མི་འདུག་ཅེས་བསྟན། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་དང་མི་དམངས་དཀྱུས་མ་ཚོས་ཆུ་ལོག་དང་ཐན་པ། ཚད་པ་དང་གྲང་ངར་སོགས་ཆ་མཉམ་མེད་པ་ནི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པར་འབྲེལ་བ་འདུག མ་འོངས་པར་གཤམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་རྒྱ་ནག་ལ་འདི་ལས་ལྷག་པའི་ཆག་སྒོ་དང་གནོད་འཚེ་བྱུང་ན་སྲིད་གཞུང་གིས་ཅི་ཞིག་བསྒྲུབ་རྒྱུ་ཡིན་ཞེས་དོགས་འདྲི་བྱེད་མགོ་བརྩམས། ཀྲེང་ཀྲུག་གི་ཆུ་ལོག་རྗེས་སུ་རྒྱ་ནག་གཞུང་གིས་འཛམ་གླིང་ཡུལ་གྲུ་གང་སར་ཚ་གྲང་མི་སྙོམས་པ་དང་གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་གཅིག་མཚུངས་རེད། རང་བྱུང་ཁམས་ཀྱི་གནོད་འཚེ་འདི་ང་ཚོས་ཇི་ལྟར་འགོག་ཐུབ་ཅེས་བསྒྲགས། འཛམ་གླིང་གནམ་གཤིས་བརྟག་དཔྱད་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཏཱ་ལ་སི་ཡིས་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་མེད་ན་ཁེ་ན་ཌར་ཚད་པ་ཇེ་ཆེ་དང་ཨ་རིའི་ནུབ་ཕྱོགས་ཀྱི་ཤིང་ནགས་རྣམས་མེར་འཚིག་དགོས་དོན་མེད། འདི་ནི་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད་ཅེས་བཤད་འདུག

XS
SM
MD
LG