༄༅།། ར་ཤི་ཡའི་སྲིད་འཛིན་ཕུ་ཀྲིན་ལ་མཚོན་ན་ལོ་རབས་༨༠་བའི་མཇུག་དེར་ཨུ་རུ་སུའི་དམར་ཤོག་གི་ལམ་ལུགས་ཐོར་ཞིག་སོང་བ་ནི་འཛམ་གླིང་སྤྱི་དང་ཁྱད་པར་དུ་ཨུ་རུ་སུ་ལ་ཆག་སྒོ་དང་རྐྱེན་ངན་ཚབས་ཆེན་ཞིག་ཡིན་པའི་ངོས་འཛིན་དང་བློ་ཕངས། ཁོ་པས་ཕྱི་ལོ་༢༠༠༠་ལོའི་སྤྱི་ཟླ་༡་པའི་ཚེས་༡་ནས་སྲིད་དབང་བཟུང་ནས་བཟུང་། ད་ལྟའི་བར་དུ་སྔོན་གྱི་ཨུ་རུ་སུའི་དམར་ཤོག་གི་གཟི་བརྗིད་དང་མངའ་ཐང་སླར་གསོ་བྱ་རྒྱུ། ཨུ་རུ་སུ་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་སྒྱུར་ཐབས་དང་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་བསྐྱར་དུ་ཨུ་རུ་སུའི་མངའ་འོག་ཏུ་བསྡུ་རྒྱུའི་འཐབ་རྩོད་རྣམས་མཚམས་འཇོག་བྱས་མྱོང་མེད་ཅིང་། ཐོག་མར་ཕུ་ཀྲིན་གྱིས་འཇོར་ཇཱི་ཡའི་མངའ་ཁོངས་སུ་གཏོགས་པའི་ཨབ་ཧ་ཛི་ཡའི་གྱེན་ལོག་པ་ཚོར་དཔལ་འབྱོར་དང་མཚོན་ཆ། གསང་བའི་ལས་དོན་བཅས་ཀྱི་རོགས་སྐྱོར་བྱས་ནས་ལོ་མང་རིང་འཇོར་ཇཱི་ཡར་ནང་འཁྲུག་བསླངས། མཐར་ཕུ་ཀྲིན་གྱིས་ལྷོ་ཨེ་སེ་ཤི་ཡར་དམག་བཏང་ནས་དེང་སྐབས་འཇོར་ཇཱི་ཡའི་མངའ་ཁོངས་སུ་གཏོགས་པའི་ས་ཁུལ་དེ་ཨུ་རུ་སུའི་དམག་གི་དབང་སྒྱུར་འོག་ཏུ་ཚུགས། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་ནས་ཨུ་རུ་སུའི་མངའ་ཁོངས་སུ་གཅིག་གྱུར་བྱས་ཤིང་། དེ་ནས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་སིཀ་མངའ་ཁུལ་གྱི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་མངའ་ཁུལ་དེར་ཡུཀ་རེན་གྱི་དབུས་གཞུང་གིས་དབང་སྒྱུར་བྱེད་མི་ཐུབ་པ་ཞིག་ཏུ་གྱུར། ད་དུང་ཨུ་རུ་སུའི་དམག་གིས་ལོ་ལྟར་ལི་ཐུ་ཝྭེ་ཎི་ཡ་དང་ཨེ་སི་ཊོ་ཎི་ཡ། ལ་ཊི་ཝྭི་ཡ་བཅས་ཀྱི་མཐའ་མཚམས་སུ་དམག་སྦྱོང་བྱས་ནས་རྒྱལ་ཁབ་དེ་དག་གི་ཞི་བདེ་བརྟན་ལྷིང་དང་བདེ་འཇགས་བཅས་ལ་ཉེན་ཁ་འཕྲད། ཕུ་ཀྲིན་གྱིས་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་རྒྱལ་ཁབ་ཁག་གི་སྲིད་དབང་སྒེར་གཅོད་པ་ཚོར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་དེ་དག་ལ་དམངས་གཙོའི་འཕོ་འགྱུར་འགྲོ་རུ་འཇུག་གི་མེད་པ། ཕུ་ཀྲིན་གྱིས་སྔོན་ཆད་ཨུ་རུ་སུའི་མངའ་འོག་ཏུ་བསྡུས་པའི་རྒྱལ་ཁབ་དེ་རྣམས་སྔར་བཞིན་དཔལ་འབྱོར་དང་ཚོང་ལས། དམག་དོན་བཅས་པ་ཨུ་རུ་སུ་ལ་བརྟེན་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཐབས་བྱེད་ཀྱི་ཡོད་པ་རེད།།
དཔེར་ན་ཉེ་དུས་ཤིག་ནས་བྷེ་ལ་རུ་སུའི་མི་དམངས་ཀྱིས་སྲིད་འཛིན་འོས་འདེམས་དྲང་སྙོམས་ཤིག་བྱུང་མ་སོང་། སྲིད་འཛིན་ལུ་ཁ་ཤན་ཁཱོ་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུ་དགོས་ཞེས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་བྷེ་ལོ་རུ་སུའི་སྲིད་འཛིན་ལུ་ཁ་ཤན་ཁཱོར་རྒྱབ་སྐྱོར་ཡོད། གལ་སྲིད་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བྷེ་ལ་རུ་སིར་ཞི་བདེ་བརྟན་ལྷིང་མེད་པར་གྱུར་ན་ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པ་བཏང་ནས་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་ཟིང་འཁྲུག་རྣམས་ཞོད་འཇགས་གཏོང་རྒྱུ་ཡིན་ཞེས་བཤད། ཁོ་པས་ཨུ་རུ་སུའི་གཞུང་གཉེར་བརྙན་འཕྲིན་ཁང་ལ་སྲིད་འཛིན་ལུ་ཁ་ཤན་ཁཱོས་ང་ལ་དྲག་ཆས་ཉེན་རྟོག་པ་ཐོངས་ཤོག་ཅེས་འབོད་སྐུལ་ཞུས་སོང་། ངས་ཀྱང་བྷེ་ལ་རུ་སིར་དྲག་ཆས་ཉེན་རྟོག་པ་གཏོང་རྒྱུའི་གྲ་སྒྲིག་བྱས་ཡོད། ཡིན་ནའང་རྒྱལ་ཁབ་དེའི་ཆབ་སྲིད་ཀྱི་ཟིང་ཆ་ཁག་བཀག་སྡོམ་བྱེད་མི་ཐུབ་པའི་ཚད་དེར་མ་ལྷུང་བར་དུ་གཏོང་རྒྱུ་མིན་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། དེར་བརྟེན་སྲིད་འཛིན་ཕུ་ཀྲིན་གྱིས་སླར་ཡང་བྷེ་ལོ་རུ་སིའི་ཞི་བདེ་བརྟན་ལྷིང་ལ་ལན་ཁག་དཀྲིས་ནས་རྒྱལ་ཁབ་དེར་དམག་གཏོང་ཐུབ་པའི་གོ་སྐབས་ཤིག་རྙེད། ཕུ་ཀྲིན་གྱི་འཇིགས་སྣང་གཙོ་བོ་ནི་བྷེ་ལ་རུ་སིའི་སྲིད་འཛིན་ལས་ཐོག་ལུ་ཁ་ཤན་ཁཱོའི་སྲིད་དབང་མགོ་རྟིང་སློག་ཚེ། རྒྱལ་ཁབ་དེའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོས་བྷེ་ལ་རུ་སིའི་ཕྱི་སྲིད་ལ་འགྱུར་བ་བཏང་ནས་ཨུ་རུ་སུ་ལ་རྒྱང་ཐག་རིང་དུ་བཏང་སྟེ་ཡུ་རོབ་མཉམ་འབྲེལ་དང་ཨ་མི་རི་ཀར་འབྲེལ་བ་ཡར་རྒྱས་གཏོང་ཤས་ཆེ། ཐ་ན་བྷེ་ལོ་རུ་སི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་སུ་ཞུགས་ཐབས་བྱ་རྒྱུའི་དོགས་ཟོན་བྱེད་ཀྱི་ཡོད་པ་སྟེ། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཅས་ཀྱིས་ཤུགས་རྐྱེན་ཐེབས་རྒྱུ་དེར་སྲིད་འཛིན་ཕུ་ཀྲིན་གྱིས་མཐའ་གཅིག་ཏུ་འགོག་རྒོལ་བྱེད་ཀྱི་་ཡོད་པར་མ་ཟད། ཁོ་པས་ཁ་གསངས་ནས་འཇོར་ཇཱི་ཡ་དང་ཡུཀ་རེན་གཉིས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་སུ་ཞུགས་མི་ཆོག རྒྱལ་ཁབ་དེ་དག་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ན་ཨུ་རུ་སུའི་དམག་དྲངས་ནས་འཇོར་ཇཱི་ཡ་དང་ཡུཀ་རེན་གཉིས་ལ་བཙན་འཛུལ་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ་མྱོང་ཡོད་པ་རེད།།
ཕུ་ཀྲིན་གྱིས་ང་ཚོར་བྷེ་ལ་རུ་སིའི་བདེ་འཇགས་སྲུང་སྐྱོབ་བྱ་དགོས་པའི་འགན་འཁྲི་ཡོད། ཨུ་རུ་སུ་དང་བྷེ་ལ་རུ་སི་གཉིས་ནི་སྐད་ཡིག་དང་རིག་གཞུང་། མི་རིགས་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད། བྷེ་ལོ་རུ་སིའི་འཕྲོག་བཅོམ་དང་མེར་སྲེག སྲིད་གཞུང་མགོ་རྟིང་སློག་ཐབས་ཀྱི་དྲག་ཟིང་རྣམས་ཉེན་ཁ་ཆེ་རུ་མ་སོང་བར་དུ་ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པ་རྣམས་བྷེ་ལ་རུ་སི་ལ་གཏོང་རྒྱུ་མིན། བྷེ་ལ་རུ་སིའི་མཐའ་ལྷུང་རིང་ལུགས་པ་ཚོས་ཚད་ལས་བརྒལ་བའི་གཏོར་བརླག་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ཕཱོ་ལན་ཌིའི་སྲིད་བློན་གྱིས་སྲིད་འཛིན་ཕུ་ཀྲིན་གྱི་འཆར་གཞི་དེ་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་ཡིན་པ་དང་ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པ་རྣམས་བྷེ་ལ་རུ་སིར་གཏོང་རྒྱུའི་འཆར་གཞི་ཕྱིར་འཐེན་བྱ་དགོས་ཞེས་ངོ་རྒོལ་བྱས་འདུག ཉེ་ཆར་བྷེ་ལ་རུ་སིའི་སྲིད་འཛིན་འོས་འདེམས་བྱས་ནས་སྲིད་འཛིན་ལུ་ཁ་ཤན་ཁཱོར་ཕམ་ཉེས་བྱུང་མོད། འོན་ཀྱང་ཁོ་པས་ང་ལ་སྲིད་འཛིན་གྱི་ལས་དུས་ཐེངས་དྲུག་པའི་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་སོང་། བྷེ་ལ་རུ་སིའི་མི་མང་བརྒྱ་ཆ་༨༠་ལྷག་གིས་ང་ལ་འོས་ཤོག་འཕངས་འདུག་ཅེས་སྲིད་དབང་རྩིས་སྤྲོད་མི་བྱེད་པར་ཕྱོགས་འགལ་ཚོགས་པའི་རྒྱབ་སྐྱོར་པ་དང་མི་མང་ངོ་རྒོལ་བ་ཚོར་རྡུང་རྡེག་བཏང་ནས་བཙོན་དུ་བཅུག ཕུ་ཀྲིན་གྱིས་སྔར་བཞིན་བྷེ་ལ་རུ་སིའི་སྲིད་འཛིན་ལ་རྒྱབ་སྐྱོར་བྱས་ནས་འོས་འདེམས་ཀྱི་གྲུབ་འབྲས་དྲང་སྙོམས་ཤིག་རེད་ཅེས་བསྒྲགས། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་བྷེ་ལ་རུ་སིའི་སྲིད་འཛིན་འོས་འདེམས་ཀྱི་གྲུབ་འབྲས་ནི་གཏན་ནས་དྲང་སྙོམས་ཤིག་མ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པས་བྷེ་ལ་རུ་སིའི་སྲིད་འཛིན་འོས་འདེམས་འདི་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་རྩོད་གཞི་ཞིག་ཏུ་གྱུར། ཨུ་རུ་སུའི་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་སྲིད་དབང་སྒེར་གཅོད་པ་ཚོར་རྒྱབ་སྐྱོར་བྱས་ནས་རྒྱལ་ཁབ་དེ་དག་ཨུ་རུ་སུའི་ཤུགས་རྐྱེན་གྱི་དཀྱིལ་འཁོར་ཁོངས་ནས་ཐར་དུ་འཇུག་གི་མེད་པ་ལྟར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཀྱང་རྒྱལ་ཁབ་དེ་དག་གི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོར་རྒྱབ་སྐྱོར་བྱས་ནས་ཤུགས་རྐྱེན་ཐེབས་ཐབས་བྱེད་ཀྱི་ཡོད་པ་རེད།།
ཕུ་ཀྲིན་ནི་ཨུ་རུ་སུའི་གསང་བའི་ལས་ཁང་གིས་སྐྱེད་སྲིད་བྱུང་བའི་གསང་ཉུལ་དང་རིམ་བཞིན་གོ་གནས་འཕར་བའི་མི་ཞིག་ཡིན་ཞིང་། ༡༩༨༥་ལོར་ཨུ་རུ་སུའི་གསང་བའི་ལས་ཁུངས་ཀྱིས་ཕུ་ཀྲིན་ཤར་འཇར་མན་ཎིར་བཏང་སྟེ་གསང་བའི་ལས་དོན་སྒྲུབ་ཏུ་བཅུག ཁོ་པ་འཚར་ལོངས་བྱུང་བའི་དུས་སྐབས་ནི་ཨུ་རུ་སུའི་དམར་ཤོག་གིས་འཛམ་གླིང་ཕྱེད་ཀར་དབང་སྒྱུར་བྱས་ནས་ཨ་མི་རི་ཀའི་ཁ་གཏད་དུ་ལངས། ༡༩༩༡་ལོར་ཕུ་ཀྲིན་དང་སྐབས་དེའི་མི་རབས་ཀྱི་མིག་གིས་མཐོང་སར་ཨུ་རུ་སུའི་དམར་ཤོག་ལམ་ལུགས་ཉམས་དམས་སུ་གྱུར་ནས་སྔོན་གྱི་རྒྱལ་ཕྲན་ཚང་མས་རང་བཙན་བྱ་རྒྱུའི་གསལ་བསྒྲགས་སྤེལ། ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ། ནུབ་ཆིངས་དམག་དོན་སྒྲིག་འཛུགས་བཅས་ཀྱིས་དགའ་བཞིན་ཨུ་རུ་སུའི་དབང་སྒྱུར་འོག་ནས་རང་བཙན་གསལ་བསྒྲགས་བྱས་པའི་རྒྱལ་ཁབ་དེ་ཚོར་ངོས་ལེན་དང་རྒྱབ་སྐྱོར་བྱས་པ་རྣམས་ཕུ་ཀྲིན་གྱིས་ནམ་ཡང་བརྗེད་དཀའ་བ་ཞིག་ཏུ་གྱུར། ད་ལྟ་ལོ་ན་༦༥་ལ་སོན་པའི་ཕུ་ཀྲིན་གྱིས་ལོ་༢༠་ལྷག་ལ་འབད་བརྩོན་དང་དམིགས་ཡུལ་སྒྲུབ་ཐབས་བྱེད་ཀྱི་ཡོད་པ་ནི་སྔོན་གྱི་ཨུ་རུ་སུའི་དམར་ཤོག་གི་མངའ་ཐང་སླར་གསོ་བྱེད་རྒྱུ་དེ་མིན་པའི་དབང་དུ་བཏང་རུང་ཨུ་རུ་སུའི་གཟི་བརྗིད་དང་སྟོབས་འབྱོར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུ་ལ་མཐོང་འཇོག་བྱ་དགོས་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་དེར་བརྩོན་པ་བསྐྱེད་རྒྱུ་ནམ་ཡང་ལྷོད་ཡངས་བཏང་མྱོང་མེད་ཅིང་། ཁོ་པས་ཕྱི་ལོ་༢༠༠༠་ལོར་གསར་འགོད་པའི་བཅར་འདྲི་ཞིག་གི་དུས་སུ་ང་ཚོའི་མིག་གི་མཐོང་སར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨུ་རུ་སུ་མི་ཚོགས་ཀྱིས་ངོ་རྒོལ་བྱས་ནས་ཧ་ཅང་ཐབས་རྡུགས་ཤིག་གི་སྒོ་ནས་ཉམས་དམས་སུ་གྱུར་སོང་། འདི་ནི་ཧ་ཅང་གི་ངོ་གནོང་དགོས་པ་དང་ཡིད་སྐྱོ་དགོས་པ་ཞིག་ཏུ་གྱུར་སོང་ཞེས་བཤད།།
ལོ་རབས་༩༠་ནང་དུ་ཕུ་ཀྲིན་ཆབ་སྲིད་ལ་ཞུགས་པ་དང་༡༩༩༦་ལོར་སྐབས་དེའི་སྲིད་འཛིན་བྷ་རེ་སི་ཡེལ་སེན་གྱིས་མོ་སི་ཀོར་བསྐོངས་ནས་སྲིད་འཛིན་གྱི་ལས་ཁུངས་སུ་བླངས། ༡༩༩༨་ལོར་ཨ་རིའི་སྲིད་འཛིན་ཁེ་ལིན་ཊོན་གྱིས་བྷོ་རེ་སི་ཡེལ་སེན་ལ་ཁ་པར་བཏང་ནས་ཨ་མི་རི་ཀས་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སར་བྷི་ཡར་གཏོར་རྒོལ་བྱ་རྒྱུ་ཡིན་ཞེས་བརྡ་བརྒྱབ། བྷོ་རེ་སི་ཡེལ་སེན་གྱིས་ཨ་མི་རི་ཀས་མེ་ཤུགས་འཕུར་མདེལ་བརྒྱབ་ནས་སར་བྷི་ཡར་གཏོང་རྒོལ་བྱེད་མི་ཆོག་ཅེས་ངོ་རྒོལ་བྱས་ཀྱང་ཨ་མི་རི་ཀས་དེ་ལ་སྣང་འཇོག་མ་བྱས་པར་སར་བྷི་ཡར་དམག་བརྒྱབ་། ཨུ་རུ་སུ་རྒྱལ་ཁབ་ཆེན་པོ་དེ་ལོ་ཤས་ནང་དུ་ཨ་མི་རི་ཀས་གཏན་ནས་མཐོང་འཇོག་བྱེད་མི་དགོས་པའི་རྒྱལ་ཁབ་ཁ་ཐབས་སྐྱོ་བོ་ཞིག་ལ་གྱུར་པ་རྣམས་ཕུ་ཀྲིན་གྱིས་དངོས་སུ་མཐོང་ཐོས་མྱོང་གསུམ་བྱུང་ཞིང་། ༡༩༩༩་ཡི་ལོ་མཇུག་དེར་ཕུ་ཀྲིན་གྱིས་ཨུ་རུ་སུའི་གསར་ཤོག་ཅིག་ལ་འདས་པའི་ལོ་༢༠༠-༣༠༠་ཙམ་གྱི་རིང་དུ་ཨུ་རུ་སུ་ནི་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོའི་གྲས་སུ་ཚུད་ནས་གོ་གནས་ཆེན་པོ་ཞིག་བཟུང་བ་རེད། ད་ནི་ཨུ་རུ་སུ་འཛམ་གླིང་གི་སྟོབས་ཤུགས་ཨང་གཉིས་པ་དང་གསུམ་པའི་གྲས་སུ་ལྷུང་རྒྱུའི་ཉེན་ཀ་འདུག ཨུ་རུ་སུའི་མི་དམངས་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ནས་ང་ཚོར་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་གྲས་སུ་འོས་ཤིང་འཚམས་པའི་གནས་ཤིག་ཡོད་པ་ཟིན་ཐུབ་པ་བྱ་དགོས་ཞེས་བྲིས། དེང་སྐབས་ཨུ་རུ་སུའི་སྲིད་འཛིན་ཕུ་ཀྲིན་གྱིས་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཚོ་འཛིན་བཟུང་དང་བཙོན་འཇུག ཁོ་ཚོ་ཕྱི་རྒྱལ་ལ་རྒྱང་ཕུད་གཏོང་བ་དང་དུག་སྤྲད་ནས་ལྐོག་གསོད་བྱེད་པ། ཨུ་རུ་སུའི་རྒྱལ་ཡོངས་སུ་ངོ་རྒོལ་ཁྲོམ་སྐོར་བྱེད་དུ་འཇུག་གི་མེད་པ་དང་རྩ་ཁྲིམས་སྒྱུར་བཅོས་བཏང་ནས་ཕུ་ཀྲིན་གྱིས་མི་ཚེ་ཧྲིལ་པོར་སྲིད་དབང་འཛིན་རྒྱུའི་སྲིད་ཇུས་རྣམས་ལག་ལེན་བསྟར་གྱི་ཡོད་པ་ནི་ཨུ་རུ་སུའི་སྟོབས་འབྱོར་སླར་གསོ་བྱེད་པའི་ཆེད་དུ་ཡིན། ཨུ་རུ་སུར་དབང་ཐང་ཅན་གྱི་འགོ་ཁྲིད་ཅིག་མེད་པར་དམངས་གཙོའི་ལམ་ལུགས་འོག་ཏུ་སྔོན་གྱི་གཟི་བརྗིད་རྣམས་སླར་གསོ་བྱེད་མི་ཐུབ་ཅེས་རྒྱུ་མཚན་བགྲངས་ནས་རྒྱལ་ཁབ་དེའི་གོང་མའི་དུས་སྐབས་སམ། ཡང་ན་ཨུ་རུ་སུའི་དམར་ཤོག་གི་མངའ་ཐང་རྣམས་སླར་གསོ་བྱ་ཐབས་བྱེད་བཞིན་ཡོད། འོན་ཀྱང་ཕུ་ཀྲིན་གྱིས་སྔོན་མའི་གཟི་བརྗིད་དང་མངའ་ཐང་རྣམས་སླར་གསོ་བྱེད་ཐུབ་མེད་ཀྱང་སི་ཏ་ལིན་གྱི་སྲིད་དབང་གཅིག་སྡུད་ཀྱི་ལམ་ལུགས་དེ་སླར་གསོ་བྱེད་ཐུབ་ཡོད་པ་རེད།།