ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཕུ་ཊིན་གྱིས་དམག་འཁྲུག་རྒྱུན་འཁྱོངས་ཐུབ་རྒྱུ་མིན་སྐད།


༄༅།། ཉེ་བའི་ཉིན་ཤས་རིང་ཨ་རིའི་དབུས་གསང་བའི་ལས་ཁུངས་དང་དབུས་ཞིབ་གཅོད་ལས་ཁུངས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསང་བའི་ལས་ཁུངས་དང་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་སྤྱི་ཁྱབ་འགན་འཛིན་རྣམས་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་ཁག་གིས་འབོད་འགུགས་བྱས་ནས་ཉན་ཞིབ་ཚོགས། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཝི་ལིམ་བྷན་སིས་གྲོས་ཚོགས་གོང་མའི་གསང་བའི་ལས་དོན་ཚོགས་ཆུང་གི་འཐུས་མི་ཚོར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་མཐའ་མཇུག་ཡུཀ་རེན་ལ་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱེད་དགོས་ཐུག་ངེས་རེད། དེའི་རྒྱུ་མཚན་ནི་ཕུ་ཊིན་གྱིས་བཙན་འཛུལ་དམག་འཁྲུག་འདི་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་རེད། ཁོ་པ་ཕམ་ཁ་འཁུར་འདོད་མེད་པ་དང་ནོར་འཁྲུལ་ལ་ངོས་ལེན་བྱེད་འདོད་མེད་མཁན་གྱི་མི་ཞིག་རེད། ཕུ་ཊིན་གྱིས་སྐབས་ཤིག་གི་རིང་དུ་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་ཐུབ་རྒྱུ་དཀའ་བར་སྣང་། འོན་ཀྱང་ཨུ་རུ་སུས་རང་མགོ་རང་གིས་གཡོགས་ནས་སྡོད་ཐབས་མེད་པ་ར་འཕྲོད། ཕུ་ཊིན་གྱིས་ཕྱིའི་གསར་འགྱུར་རྣམས་བཀག་པ་དང་རྒྱལ་ནང་གི་རང་དབང་ལྡན་པའི་གསར་འགྱུར་ལས་ཁང་ཁག་སྒོ་བརྒྱབ་སྟེ་ཡུཀ་རེན་ལ་བཙན་འཛུལ་བྱེད་ཀྱི་ཡོད་པ་ཨུ་རུ་སུའི་མི་དམངས་ལ་གསང་བ་བྱེད་ཀྱི་འདུག ངས་བལྟས་ན་ཕུ་ཊིན་གྱིས་གཏན་ནས་ཨུ་རུ་སུའི་མི་དམངས་ལ་གནས་ཚུལ་བདེན་པ་ཤེས་རྟོགས་ཐུབ་ཏུ་མ་བཅུག་པར་འགོག་ཐུབ་ཀྱི་རེད། ཡུཀ་རེན་གྱི་དམག་ས་ཁག་ནས་ཨུ་རུ་སུའི་དམག་ལ་འཆི་རྨས་འབྱུང་རྒྱུ་ཇེ་མང་དུ་སོང་ན་བདེན་དོན་གྱིས་རྫུན་རྐུབ་བརྡོལ་ཤས་ཆེ། ཨུ་རུ་སུའི་དཔལ་འབྱོར་ཉམས་པ་དང་མི་དམངས་ལ་འཚོ་བའི་དཀའ་ངལ་འཕྲད། ཁྱིམ་མཚེས་རྒྱལ་ཁབ་དེའི་སྨན་ཁང་ཁག་དང་སློབ་གྲྭ་སོགས་ལ་གཏོར་རྒོལ་ཕོག ཡུཀ་རེན་གྱི་ཞི་བའི་མི་མང་ལ་འཆི་རྨས་འབྱུང་རྒྱུ་ཇེ་མང་དུ་འགྲོ་བཞིན་པའི་དངོས་ཡོད་གནས་ཚུལ་རྣམས་གཏན་དུ་སྦས་གསང་བྱེད་ཐུབ་ཀྱི་མ་རེད་ཅེས་སྙན་སེང་ཞུས་འདུག

ཡུཀ་རེན་གྱི་རྒྱལ་སྲུང་ལྷན་ཁང་དང་གསང་བའི་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༢་པའི་ཚེས་༢༤་ནས་ཁ་སང་ཕྱི་ཟླ་༣་པའི་ཚེས་༡༠་བར་དུ་ཨུ་རུ་སུའི་དམག་སྤྱི་གཉིས་ཚུད་པའི་དམག་མི་༡༢༠༠༠་བསད་པ་ཡིན་ཞེས་བསྒྲགས། ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གིས་འདས་པའི་བདུན་ཕྲག་གཉིས་ཀྱི་རིང་དུ་ཡུཀ་རེན་གྱི་དམག་མི་༤༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་འདུག ཨུ་རུ་སུའི་དམག་མི་༥༠༠༠་ནས་༦༠༠༠་ཡས་མས་ཤིག་དང་མི་༡༥༠༠༠་ནས་༡༨༠༠༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག་འདུག ཨ་མི་རི་ཀས་ཨི་རཀ་དང་ཨབ་གྷ་ཎི་སི་ཐན་ལ་ལོ་༢༠་ཐམ་པར་དམག་འཁྲུག་བརྒྱབ་པའི་རིང་དེར་ཨ་རིའི་དམག་མི་༧༠༠༠་ལྷག་ལ་མ་གཏོགས་སྲོག་སྐྱོན་ཕོག་མེད། ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བདུན་ཕྲག་གཉིས་ཀྱི་ནང་དུ་ཨུ་རུ་སུའི་དམག་མི་༥༠༠༠་ནས་༦༠༠༠་ཡས་མས་ཤིག་ལ་སྲོག་སྐྱོན་ཕོག་པའི་གྲངས་འབོར་ནི་ཧ་ཅང་གི་མང་པོ་རེད། ད་དུང་ཨུ་རུ་སུའི་ལྕགས་ཁྲབ་འཁོར་ལོ་དང་མཚོན་ལྡན་རླངས་འཁོར། དམག་གྲུ་དང་དམག་འཐབ་གནམ་གྲུ་སོགས་ལ་གཏོར་སྐྱོན་ཕོག་པ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་ཡུཀ་རེན་གྱི་དམག་ས་ཁག་ཏུ་དམག་མི་༤༩༨་ལ་སྲོག་སྐྱོན་དང་མི་༡༥༩༧་ལ་རྨས་སྐྱོན་ཕོག་སོང་ཞེས་གྲངས་འབོར་མ་འདྲ་ཞིག་སྤེལ། ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཕུ་ཊིན་གྱིས་ན་ནིང་ཕྱི་ཟླ་༩་པ་ནས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཐག་བཅད། ཁོང་གིས་ཐག་གཅོད་དེ་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུ་སོགས་མི་ཉུང་ཤས་ཤིག་ལ་བཤད་འདུག ཉེ་ཆར་ཕུ་ཊིན་གྱིས་འཐབ་འཁྲུག་རྒྱག་དགོས་པའི་བཀའ་བཏང་སྟེ་དམག་དཔུང་རྣམས་ས་མཚམས་བརྒལ་ཡང་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་མང་ཆེ་བས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མགོ་བརྩམས་པ་ཤེས་རྟོགས་བྱུང་མི་འདུག་ཅེས་གནས་ཚུལ་སྤེལ།།

ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སིས་གྲོས་ཚོགས་འཐུས་མི་ཚོར་ཕུ་ཊིན་འུ་ཐུག་ནས་ཡུཀ་རེན་ལ་རྫས་འགྱུར་མཚོན་ཆས་གཏོར་རྒོལ་བྱ་རྒྱུའི་ཉེན་ཁ་ཆེན་པོ་འདུག རྣམ་པ་ཚོས་མཁྱེན་གསལ་ལྟར་ཕུ་ཊིན་གྱིས་རང་གི་མི་དམངས་དང་སི་རི་ཡའི་ཞི་བའི་མི་མང་གི་ཐོག་ཏུ་རྫས་འགྱུར་མཚོན་ཆ་བཀོལ་སྤྱོད་བྱས་མྱོང་ཡོད་པ་རེད། ངས་ལོ་མང་རིང་ཕྱི་འབྲེལ་ཆེད་ལས་བསྒྲུབས་པའི་རིང་དེར་ང་ཚོས་ཨུ་རུ་སུའི་གླེང་ཕྱོགས་ལ་ཁ་གཏད་བཅག་ནས་བསྒྱུར་མ་ཐུབ་པར་ཕམ་ཉེས་བྱུང་བ་ཉུང་ཉུང་མིན། ཡིན་ནའང་ད་ལོ་ང་ཚོས་ཨུ་རུ་སུའི་གླེང་ཕྱོགས་བསྒྱུར་བ་དང་གསང་བའི་གནས་ཚུལ་རྣམས་སྔོན་ནས་ཡོངས་གྲགས་སུ་ཕྱིར་བསྒྲགས་བྱས་ཏེ་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བཤད། ཨ་རིའི་དྲྭ་ལམ་བདེ་འཇགས་སྲུང་སྐྱོབ་ཁང་གི་བཀོད་འདོམས་པ་དམག་སྤྱི་ན་ཁ་སོན་གྱིས་ང་ཚོས་ཡུཀ་རེན་ལ་གསང་བའི་གནས་ཚུལ་མཁོ་སྤྲོད་བྱས་པ་རྣམས་འཕྱུགས་མེད། ང་ཚོས་ཡུཀ་རེན་ལ་གསང་བའི་གནས་ཚུལ་སྤྲད་པ་རྣམས་དྲང་བདེན་ཡིན་པར་མ་ཟད། ཁོ་ཚོའི་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་ལག་བསྟར་ཐུབ་པའི་གནས་ཚུལ་ཤ་སྟག་ཡིན། ད་ལྟ་ཕྱི་མིག་བལྟས་ན་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཡུཀ་རེན་ལ་གནས་ཚུལ་མཁོ་སྤྲོད་བྱས་ནས་གྲུབ་འབྲས་ཆེན་པོ་འདུག་སྙམ་ཞེས་གྲོས་ཚོགས་འཐུས་མི་ཚོར་སྙན་སེང་ཞུས། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་དམག་སྤྱི་བྷེ་རིར་གྱིས་ང་ཚོས་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུ་ལ་འཐབ་རྒོལ་དྲག་པོ་འདི་འདྲ་ཞིག་བྱེད་ཐུབ་རྒྱུ་ཡིན་པ་དང་ཨུ་རུ་སུའི་སྐམ་དམག་རྣམས་ཁ་ཐབས་སྐྱོ་པོ་འདི་འདྲ་ཞིག་ཡིན་པ་སྔོན་དཔག་ཐུབ་མ་སོང་། ང་ཚོས་ཕྱོགས་མང་པོ་ཞིག་ལ་བལྟས་ནས་ཡུཀ་རེན་ལ་དམག་འཁྲུག་གི་གྲ་སྒྲིག་མེད་པས་འགོག་རྒོལ་དྲག་པོ་ཞིག་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱས་པ་ཡིན། ང་ཚོས་ཡུཀ་རེན་གྱི་དམག་གིས་དཔའ་ངར་ཆེན་པོས་ཨུ་རུ་སུ་ལ་འགོག་རྒོལ་བྱ་རྒྱུ་ཡིན་པ་སྔོན་དཔག་ཡག་པོ་ཞིག་བྱེད་མ་ཐུབ་པའི་ནོར་འཁྲུལ་བྱུང་སོང་ཞེས་ཨ་རིའི་གྲོས་ཚོགས་གོང་མའི་ཉན་ཞིབ་ཚོགས་འདུའི་ཐོག་ཏུ་སྙན་སེང་ཞུས་འདུག

ཕྱི་ཟླ་༣་པའི་༡༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་བྷན་སིས་སྲིད་འཛིན་ཕུ་ཊིན་གྱིས་ཨ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་ཕོག་ཀྱང་གསེར་དང་ཕྱི་རྒྱལ་གྱི་དངུལ་སྨར་ཕོན་ཆེན་ཞིག་གསོག་འཇོག་བྱས་ཡོད། ཨུ་རུ་སུའི་དམག་དཔུང་དེང་རབས་ཅན་ལ་བསྒྱུར་ཡོད་སྙམ་པའི་རྩིས་ལོག་ཐེབས་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་འདྲ། འོན་ཀྱང་ཕུ་ཊིན་གྱིས་ཨུ་རུ་སུའི་དབུས་དངུལ་ཁང་ལ་ཚོང་ལས་བཀག་སྡོམ་དང་དངུལ་སྒོར་གཏོང་ལེན་བྱེད་མི་ཆོག་པའི་ཉེས་ཆད་འཕོག་རྒྱུ་ཡིན་པ་དྲན་མི་འདུག ལྷག་པར་དུ་འཇར་མན་ཎིའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་ནས་མཐའ་གཅིག་ཏུ་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ། ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་ཡིན་པའི་དོགས་པ་ཙམ་ཡང་བྱུང་མི་འདུག ངས་བལྟས་ནས་ཕུ་ཊིན་གྱིས་ད་གཟོད་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་དེའི་མཇུག་འབྲས་མྱོང་ཚོར་ཐུབ་ཀྱི་འདུག ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་མཇུག་འབྲས་ནི་སྔར་ལས་ངར་ཤུགས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བསྟན། ཨ་རི་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གི་འགོ་ཁྲིད་ཚོས་ཐེངས་འདིར་ཡུཀ་རེན་གྱི་དམག་གིས་ཨུ་རུ་སུ་ལ་འགོག་རྒོལ་དྲག་པོ་བྱ་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ་པའི་ནོར་འཁྲུལ་བྱུང་སོང་། དེ་མིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་ཡིན་པ་དང་ས་མཚམས་ཁག་ལ་དམག་དཔུང་འགྲེམ་འཇོག་བྱས་པ་དམག་སྦྱོང་གི་ཆེད་དུ་མིན་པ་སོགས་སྔོན་དཔག་ནོར་འཁྲུལ་མེད་པ་ཞིག་བྱེད་ཐུབ་ཡོད་ཅེས་རྒྱལ་ཡོངས་གྲོས་ཚོགས་ལ་སྙན་སེང་ཞུས།།

ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་མམ། ཡང་ན་གསང་བའི་གནས་ཚུལ་མཁོ་སྤྲོད་བྱ་རྒྱུ་ཉུང་དྲགས་ཀྱི་འདུག་ཅེས་སྐྱོན་བཙུགས། ཡུ་རོབ་རྒྱལ་ཁབ་པོ་ལན་ཌིའི་གཞུང་གིས་རང་གི་འཐབ་འཛིང་གནམ་གྲུ་རྣམས་འཇར་མན་ཎིའི་ས་ཐོག་ཏུ་ཆགས་པའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཨ་རིའི་དམག་སྒར་དེར་སྤྲོད་ཆོག ཨ་མི་རི་ཀའི་དམག་སྒར་དེ་ནས་འཐབ་འཛིང་གནམ་གྲུ་དེ་རྣམས་ཡུཀ་རེན་ལ་སྤྲོད་དགོས་ཞེས་གྲོས་གཞི་བཏོན། སྲིད་འཛིན་བྷ་ཌན་གྱིས་ཨ་རིའི་དམག་སྒར་དེ་ནས་འཐབ་འཛིང་གནམ་གྲུ་རྣམས་ཡུཀ་རེན་ལ་སྤྲད་ནས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་འཐབ་འཁྲུག་དེར་དངོས་སུ་ཞུགས་པར་འགྱུར་རྒྱུ་རེད། དེར་བརྟེན་ཨུ་རུ་སུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཐད་ཀར་གདོང་ཐུག་བྱུང་ནས་འཛམ་གླིང་དམག་ཆེན་གསུམ་པ་ལངས་ཏེ་རྡུལ་ཕྲན་མཚོན་ཆ་རྒྱག་སྲིད་པའི་ཉེན་ཁ་ཆེ་ཞེས་ཡུཀ་རེན་ལ་འཐབ་འཛིང་གནམ་གྲུ་སྤྲོད་རྒྱུ་དེར་མ་འཐད། ད་ལོ་སྤྱི་ཡོངས་ཀྱི་ཆ་ནས་ཨ་རིའི་གསང་བའི་ལས་ཁུངས་ཁག་གི་ལས་དོན་སྒྲུབ་ཕྱོགས་ལ་གྲོས་ཚོགས་གོང་འོག་གཉིས་དང་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་ཚོའི་བསྔགས་བརྗོད་ཐོབ། ད་ལྟ་ཨུ་རུ་སུས་ཡུཀ་རེན་ལ་དམག་བརྒྱབ་ནས་ཟླ་བ་ཕྱེད་ཀ་འགྲོ་བཞིན་ཡོད་ཀྱང་རྒྱལ་ས་ཀིབ་གཙོས་གྲོང་ཁྱེར་ཆེ་ཁག་གཅིག་ཀྱང་ལེན་མ་ཐུབ། ཡིན་ནའང་དུས་ཡུན་བདུན་ཕྲག་གཉིས་ལྷག་གི་དམག་འཁྲུག་འདིར་མཇུག་འབྲས་ཧ་ཅང་ཚབས་ཆེན་ཞིག་སྨིན་ཟིན་ཡོད་ཅིང་། དཔེར་ན་ཡུཀ་རེན་བ་ས་ཡ་༢་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་བྲོས། ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་དམག་འཁྲུག་གི་ནག་ཉེས་བསགས་ཏེ་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ལ་གཏུག་དགོས་ཞེས་གླེང་སློང་བྱ་རྒྱུ་མགོ་ཚུགས། གཅིག་བྱས་ན་ཉིན་གཅིག་ཨུ་རུ་སུའི་གཞུང་དམངས་གཉིས་ཀྱིས་ཕུ་ཊིན་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ནས་བཙོན་འཇུག་བྱེད་དུ་འཇུག་རྒྱུ་དང་ཨུ་རུ་སུ་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་འོག་ནས་ཐར་ཐབས་ཀྱི་སྲིད་ཇུས་ཤིག་འཛིན་སྲིད་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG