ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨུ་རུ་སུ་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཀྱི་གྲོས་མོལ། 


༄༅།། ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཨུ་རུ་སུ་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཏུར་ཀིའི་ཨན་ཊ་ལི་ཡ་ས་གནས་སུ་ཐུག་འཕྲད་གྲོས་མོལ་བྱུང་། འདི་ནི་བདུན་ཕྲག་གཉིས་ཀྱི་སྔོན་དེར་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། རྒྱལ་ཁབ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་དང་པོ་ཡིན་ཞིང་། ཏུར་ཀི་རྒྱལ་ཁབ་ཀྱིས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་མཚམས་འཇོག་ཡོང་ཐབས་ལ་བར་འདུམ་གང་ཐུབ་བྱས་ཀྱང་མེ་འཕེན་མཚམས་འཇོག་བྱ་རྒྱུའི་གྲོས་མོལ་ལ་གྲུབ་འབྲས་མ་ཐོན། ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཁུ་ལེ་བྷས་ང་ཚོས་རང་གི་ཁ་གཏད་པ་དེར་གནས་ལུགས་ལ་མཐུན་པའི་གྲོས་མོལ་བྱ་དགོས་ཞེས་ནན་སྐུལ་བྱས་ཀྱང་ཉན་གྱི་མེད་པ་ནི་དཀའ་ངལ་གཙོ་བོ་ཞིག་རེད། མེ་འཕེན་མཚམས་འཇོག་བྱ་དགོས་པའི་གྲོས་མོལ་ལ་གྲུབ་འབྲས་གང་ཡང་ཐོན་མ་སོང་ཞེས་བཤད། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་ང་ཚོར་མི་གསོད་ཁྲག་སྦྱོར་བྱེད་ཀྱི་འདུག་ཅེས་སྐྱོན་འཛུགས་འཕོག་གི་ཡོད་པ་ཐེངས་དང་པོ་མིན། ཡུཀ་རེན་གྱི་ཐལ་སྐྱོད་པ་ཚོས་ཀྱང་རྒྱལ་ཁབ་དེའི་ཤར་ཕྱོགས་སུ་ཆགས་པའི་ཌོན་བྷ་སི་མངའ་ཁུལ་གྱི་སྨན་ཁང་ཁག་ལ་གཏོར་རྒོལ་བྱས་པ་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཡུཀ་རེན་གྱི་སྲིད་གཞུང་གི་རྫུན་སྒྲོགས་གཡོ་གཏམ་འོག་ཏུ་ཚུད་ཀྱི་འདུག ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་མ་རི་ཨུ་པོལ་གྲོང་ཁྱེར་གྱི་བུ་བཙའི་སྨན་ཁང་ཞིག་ལ་གཏོར་རྒོལ་བྱས་པ་རེད་ཟེར་གྱི་ཡོད་པ་ནི་རྫུན་རེད་ཅེས་དགག་པ་བརྒྱབ། ཕྱི་སྲིད་བློན་ཆེན་ལཱ་ཝ་རོབ་ཀྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་བྱེད་ཀྱི་མིན་ཟེར་གྱི་མེད། འོན་ཀྱང་ང་ཚོས་ཕུ་ཊིན་དང་ཛེ་ལན་སི་ཀིའི་ཐུག་འཕྲད་གྲོས་མོལ་དེའི་སྔོན་འགྲོའི་ལས་དོན་རྣམས་བསྒྲུབ་དགོས་ཞེས་ལན་འདེབས་བྱས་འདུག

ཡུཀ་རེན་གྱི་མ་རི་ཨུ་པོལ་གྲོང་ཁྱེར་གྱི་བུ་བཙའི་སྨན་ཁང་ཞིག་ལ་གཏོར་རྒོལ་ཐེབས་པ།
ཡུཀ་རེན་གྱི་མ་རི་ཨུ་པོལ་གྲོང་ཁྱེར་གྱི་བུ་བཙའི་སྨན་ཁང་ཞིག་ལ་གཏོར་རྒོལ་ཐེབས་པ།

ཁ་སྔོན་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱ་རྒྱུ་མགོ་བརྩམས། ད་ལྟའི་བར་དུ་ཡུཀ་རེན་བ་ས་ཡ་༢་དང་འབུམ་༣་ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་བཙན་བྱོལ་དུ་བྲོས། ཡུཀ་རེན་གྱི་སྲིད་བློན་གཞོན་པས་རྒྱལ་ཁབ་དེའི་གྲོང་ཁྱེར་༧་གྱི་མི་མང་རྣམས་ཉེལ་གཡོལ་དུ་འགྲོ་དགོས་པ་དང་གྲོང་ཁྱེར་༦་ལ་ཨུ་རུ་སུའི་དམག་གིས་རྒོལ་རྡུང་བྱས་ནས་མི་མང་རྣམས་ཉེན་གཡོལ་ལ་ཐར་གྱི་མི་འདུག ང་ཚོས་ཞི་བའི་མི་མང་རྣམས་ཉེན་སྐྱོབ་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་དམག་གིས་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་ཁག་ལ་འགལ་འཛོལ་བྱས་ནས་གཏོར་རྒོལ་བྱེད་ཀྱི་འདུག་ཅེས་བཤད། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་གྱི་མཁའ་དབྱིངས་སུ་ཨུ་རུ་སུའི་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་འགོག་བྱ་དགོས། ཡུཀ་རེན་གྱི་མཁའ་དབྱིངས་སུ་ཨུ་རུ་སུའི་དམག་འཐབ་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་འགོག་མ་བྱས་ཚེ། མི་གྲངས་ས་ཡ་མང་པོར་སྲོག་སྐྱོན་འཕོག་རྒྱུ་དང་དེ་དུས་ཡུཀ་རེན་གྱི་མཁའ་དབྱིངས་ལ་སྲུང་སྐྱོབ་བྱས་ཀྱང་འཕྱི་དྲགས་པ་རེད། ང་ཚོས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་ཨུ་རུ་སུའི་དམག་འཐབ་གནམ་གྲུ་ཡུཀ་རེན་གྱི་མཁའ་དབྱིངས་སུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་འགོག་བྱ་དགོས་ཞེས་འབོད་སྐུལ་ཐེངས་འགའ་ཞིག་ཞུས་པ་ཡིན། ད་སྔ་ཡུཀ་རེན་གྱི་འབོད་སྐུལ་དེར་འབྲས་བུ་ཅི་ཡང་ཐོན་མ་སོང་ཞེས་དབྱིན་ཇིའི་སི་ཀ་ཡེ་ནེའུ་སི་གསར་འགྱུར་ལས་ཁང་བརྒྱུད་ནས་སླར་ཡང་འབོད་སྐུལ་ཞུས། ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་གྱི་མཁའ་དབྱིངས་སུ་ཨུ་རུ་སུའི་དམག་འཐབ་གནམ་གྲུ་འཕུར་སྐྱོད་བྱེད་མི་ཆོག་པའི་བཀག་འགོག་བྱེད་ན་ནུབ་ཆིངས་དམག་དོན་སྒྲིག་འཛུགས་དང་ཨུ་རུ་སུ་གཉིས་ཐད་ཀར་གདོང་ཐུག་འབྱུང་རྒྱུའི་ཉེན་ཁ་ཆེ། ཨུ་རུ་སུ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་གཉིས་གདོང་ཐུག་བྱུང་ན་འཛམ་གླིང་དམག་ཆེན་གསུམ་པ་ལངས་ནས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱེད་སྲིད་པའི་ཉེན་ཁ་འདུག་ཅེས་ཡུཀ་རེན་གྱི་འབོད་སྐུལ་ལ་མོས་མཐུན་བྱེད་ཀྱི་མེད་པ་རེད།།

དེ་རིང་གཟའ་ཕུར་བུའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུ་རོབ་རྒྱལ་ཁབ་ཁག་གི་ཉམས་ཞིབ་པ་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་དམག་འཁྲུག་མཚམས་ཆད་མི་སྲིད། དེའི་རྗེས་སུ་ཡུ་རོབ་རྒྱལ་ཁབ་གཞན་ཞིག་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་འདུག ལྷག་པར་དུ་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཚུད་མེད་པའི་རྒྱལ་ཁབ་ཁག་ལ་ཨུ་རུ་སུས་བཙན་འཛུལ་བྱ་རྒྱུའི་ཉན་ཁ་འདུག དཔེར་ན་མོལ་ཌོ་ཝ་དང་འཇོར་ཇཱི་ཡ། བྷོ་སི་ཎི་ཡ་དང་ཀོ་སོ་ཝོབ་རྣམས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཚུད་མེད་པས་རྒྱལ་ཁབ་དེ་ཚོར་ཨུ་རུ་སུས་བཙན་འཛུལ་བྱ་རྒྱུའི་རྟགས་མཚན་འདུག་ཅེས་བསྟན། ཉམས་ཞིབ་པ་འགའ་ཞིག་གིས་སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་ཨེ་སི་ཊོ་ཎི་ཡ་དང་ལཱ་ཊི་ཝི་ཡ། ལི་ཐུ་ཝེ་ཎི་ཡ། མོ་ཊེ་ནེ་གྷ་རོ་རྣམས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཡོད་ཀྱང་ཨུ་རུ་སུས་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་འདུག་ཅེས་སྔོན་བརྡ་གཏོང་གི་ཡོད་ཅིང་། འཇར་མན་མར་ཤཱེལ་ཐེབས་རྩ་ཁང་གིས་ཉམས་ཞིབ་པ་བྷ་ར་ནོབ་སི་ཀིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་གྱི་སྲིད་གཞུང་འཕོ་འགྱུར་གཏོང་རྒྱུ་ཡིན་ཟེར་གྱི་ཡོད་པ་གཅིག་པུ་མ་རེད། ཕུ་ཊིན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཕྱོགས་སུ་རྒྱ་བསྐྱེད་མི་ཆོག ནུབ་ཆིངས་དམག་དོན་སྒྲིག་འཛུགས་༡༩༩༧་གྱི་ས་མཚམས་བར་དུ་ཕྱིར་འཐེན་བྱ་དགོས། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤར་ཡུ་རོབ་ནས་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་འདོན་གྱི་ཡོད་པ་རེད་ཅེས་བཀྲལ།།

ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི
ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི

ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ཇཱོ་སེབ་བྷོ་རེལ་གྱིས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་དམག་འཁྲུག་མཚམས་འཇོག་བྱེད་ཀྱི་མ་རེད། ང་ཚོ་མོལ་ཌོ་ཝ་དང་འཇོར་ཇཱི་ཡ། བྷོ་ཟི་ཎི་ཡ་དང་ཀོ་སོ་ཝོ་སོགས་ལ་ཞི་བདེ་བརྟན་ལྷིང་མེད་པར་འགྱུར་སྲིད་པའི་བློ་འཚབ་ཡོང་གི་འདུག་ཅེས་བཤད། མོལ་ཌོ་ཝ་ནི་མི་འབོར་ས་ཡ་༢་ལྷག་ལས་མེད་པའི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཞིང་། སྔོན་ཆད་རྒྱལ་ཁབ་དེ་ཨུ་རུ་སུ་དམར་ཤོག་དབང་བསྒྱུར་འོག་ཚུད། དེང་སྐབས་མོལ་ཌོ་ཝའི་ས་གནས་ཤིག་གི་གྱེན་ལོག་ས་ཁུལ་དེར་ཨུ་རུ་སུའི་དམག་མི་༡༥༠༠་བཀྲམ་ཡོད་པས་མོལ་ཌོ་ཝ་བཏང་སྙོམས་སུ་གནས་ཏེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་ཀྱི་མེད་ཀྱང་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་སྲིད་པའི་ཉེན་ཁ་ཆེ་རུ་སོང་། དེར་བརྟེན་བདུན་ཕྲག་སྔོན་མར་མོལ་ཌོ་ཝའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ༢༠༠༨་ལོར་ཨུ་རུ་སུའི་དམག་གིས་འཇོར་ཇཱི་ཡའི་ལྷོ་ཨོ་སེ་ཤི་ཡ་ཞིང་ཆེན་གྱི་གྱེན་ལོག་པ་ཚོར་རྒྱབ་སྐྱོར་བྱས་ནས་ཟིང་འཁྲུག་བསླངས། དེ་ནས་བཟུང་སྟེ་འཇོར་ཇཱི་ཡའི་ལྷོ་ཨོ་སེ་ཤི་ཡ་ཞིང་ཆེན་ནི་ཨུ་རུ་སུའི་སྲུང་སྐྱོབ་འོག་ཏུ་བསྡུས། ༡༩༩༩་ལོར་སར་བྷི་ཡའི་དམག་གིས་ཀོ་སོ་ཝོ་ཞིང་ཆེན་གྱི་ཁ་ཆེ་རྣམས་རྩ་མེད་གཏོང་གི་ཡོད་པའི་དམག་འཁྲུག་དེ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་བཀག ༢༠༠༨་ལོར་ཀོ་སོ་ཝོས་རང་བཙན་གསལ་བསྒྲགས་བྱས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོས་འཛམ་གླིང་རྒྱལ་ཁབ་༡༠༠་ལྷག་གིས་ཀོ་སོ་ཝོའི་རང་བཙན་ལ་ངོས་ལེན་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུ་དང་སར་བྷི་ཡ་གཉིས་ཀྱིས་ཀོ་སོ་ཝོའི་རང་བཙན་ལ་ངོས་ལེན་མི་བྱེད་མེད་པར་མ་ཟད། ཀོ་སོ་ཝོ་ཞིང་ཆེན་ནི་སར་བྷི་ཡའི་མངའ་ཁོངས་སུ་བསྙོན་དུ་མེད་པ་ཞིག་ཡིན། ཨ་མི་རི་ཀས་དམག་བརྒྱབ་ནས་སར་བྷི་ཡའི་ཀོ་སོ་ཝོ་ཞིང་ཆེན་ལ་རང་བཙན་སྤྲད་པ་རེད་ཅེས་ལངས་ཕྱོགས་མཁྲེགས་པོ་བཟུང་།།

༢༠༡༧་ལོར་མོན་ཊི་ནེ་གྷ་རོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས། ཨུ་རུ་སུའི་དམག་གིས་ཡུཀ་རེན་ལ་བཙན་འཛུལ་བྱས་པར་མོན་ཊི་ནེ་གྷ་རོས་ཨུ་རུ་སུ་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ། འོན་ཀྱང་མོན་ཊི་ནེ་གྷ་རོའི་མི་དམངས་གྲས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ཕྱོགས་གཏོགས་པ་ཞིག་དང་ཨུ་རུ་སུ་དང་སར་བྷི་ཡའི་ཕྱོགས་གཏོགས་པ་ཞིག་བཅས་ཕྱོགས་ཁག་མ་འདྲ་བ་གཉིས་ཡོད་པས་རྒྱལ་ཁབ་དེར་ཞི་བདེ་བརྟན་ལྷིང་མེད་པར་ཛ་དྲག་ཇེ་ཆེར་སོང་། ཨུ་རུ་སུའི་གཞུང་གིས་མོན་ཊི་ནེ་གྷ་རོ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་པ་དེ་ཁྲིམས་འགལ་རེད། དེའི་རྒྱུ་མཚན་ནི་མོན་ཊི་ནེ་གྷ་རོའི་རྒྱ་ཆེའི་མི་དམངས་ལ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཁོངས་སུ་ཞུགས་འདོད་མེད་པ་གསལ་པོ་རེད་ཅེས་ནན་བརྗོད་བྱས་ཤིང་། ད་ལྟ་ཡུཀ་རེན་ལ་བཙན་འཛུལ་བྱུང་བའི་འཇིགས་སྣང་གིས་མོན་ཊི་ནེ་གྷ་རོའི་གཞུང་གིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། སྔོན་ཆད་ཨུ་རུ་སུ་དམར་ཤོག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་ལཱ་ཊི་ཝི་ཡ་དང་ཨེ་སི་ཊོ་ཎི་ཡ། ལུ་ཐུ་ཝེ་ཎི་ཡ་སོགས་ཀྱིས་ཨུ་རུ་སུའི་གདུང་རྩུབ་རྣམས་གཏན་ནས་བརྗེད་ཀྱི་མེད་པས་ཡུཀ་རེན་ལ་བཙན་འཛུལ་བྱུང་བ་དེས་སླར་ཡང་འཇིགས་སྣང་གསར་པ་བསླངས། བདུན་ཕྲག་སྔོན་མར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མོལ་ཌོ་ཝ་རྒྱལ་ཁབ་ལ་ཕེབས་ནས་ཨུ་རུ་སུའི་བཙན་འཛུལ་བྱུང་ན་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལྟར་མོལ་ཌོ་ཝ་ལའང་རོགས་སྐྱོར་བྱེད་ཆོག་ཅེས་ཁས་བླངས། ཡིན་ནའང་སྲིད་འཛིན་བྷ་ཌན་གྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་ས་ཆ་སོར་གང་འཆོར་དུ་འཇུག་རྒྱུ་ཡིན་མིན། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྩ་འཛིན་དོན་ཚན་ལྔ་པར་ཚོགས་འཐུས་རྒྱལ་ཁབ་གཅིག་ལ་རྒོལ་རྡུང་ཕོག་ན་ཚོགས་འཐུས་རྒྱལ་ཁབ་༣༠་ཐམ་པར་རྒོལ་རྡུང་ཕོག་པ་དང་ཁྱད་པར་མེད། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་༣༠་ཐམ་པས་བཙན་འཛུལ་བ་དེར་རྒོལ་ལན་སློག་རྒྱུ་ཡིན་ཞེས་བཀོད་ཡོད་པ་ལག་ལེན་བསྟར་ངེས་ཡིན། ང་ཚོས་རང་གི་ཚོགས་འཐུས་རྒྱལ་ཁབ་ཁག་ལ་སྲུང་སྐྱོབ་བྱེད་ངེས་ཡིན་ཞེས་ལན་མང་བཟླས་ཀྱང་དམག་དོན་སྒྲིག་འཛུགས་དེའི་ཁོངས་སུ་ཚུད་མེད་པའི་རྒྱལ་ཁབ་ཁག་ལ་སྲུང་སྐྱོབ་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG