ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༢/༡༢/༠༦

ཧོང་ཀོང་གི་ངོ་རྒོལ་བ་ཞིག་རྒྱ་ནག་དོན་གཅོད་ཁང་དུ་དྲུད་ནས་ཉེས་རྡུང་། 


༄༅།། ཉེ་ཆར་ཧོང་ཀོང་གི་ངོ་རྒོལ་བ་ཞིག་དབྱིན་ཡུལ་གྱི་མན་ཆེ་སི་ཊར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་སུ་དྲུད་ནས་ཉེས་རྡུང་ཕོག དབྱིན་ཇིའི་གྲོས་ཚོགས་འཐུས་མི་ཚོས་ཉེས་རྡུང་དེར་འབྲེལ་བ་ཡོད་པའི་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་དང་ཕྱི་འབྲེལ་མི་སྣ་ཚོ་དབྱིན་ཡུལ་ནས་ཕྱིར་ཕུད་གཏོང་དགོས་ཞེས་གྲོས་ཚོགས་སུ་གླེང་སློང་བྱུང་། ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཧོང་ཀོང་བ་བྷོབ་ཆན་གྱིས་དབྱིན་གཞུང་ལ་མན་ཆེ་སི་ཊར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་སོགས་ངེས་པར་དུ་དབྱིན་ཡུལ་ནས་ཕྱིར་ཕུད་གཏོང་དགོས། ཁོ་ཚོས་ང་ལ་ཉེས་རྡུང་བཏང་བ་ནི་ཀླ་ཀློའི་སྤྱོད་ཚུལ་ཞིག་རེད། ངས་རྒྱ་ནག་དོན་གཅོད་ཁང་གི་ཕྱི་ལོགས་སུ་ཞི་བའི་ངོ་རྒོལ་བྱས་ཀྱང་ང་ནང་ལོགས་སུ་དྲུད་ནས་རུབ་རྡུང་བྱས་པ་རེད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཁ་སྔོན་གཟའ་ཉི་མའི་ཉིན་ཧོང་ཀོང་བ་བྷོབ་ཆན་གྱིས་རྒྱ་ནག་དོན་གཅོད་ཁང་གི་ཕྱི་ལོགས་སུ་ཞིས་ཅིན་ཕིང་གི་འདྲ་པར་བཤམས་ནས་ཁྱད་གསོད་དང་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱས་པའི་སྐབས་དེར་དོན་གཅོད་ཁང་གི་ལས་བྱེད་པ་འགའ་ཞིག་ཕྱི་རུ་བསླེབས། ཁོ་ཚོས་བྷབ་ཆན་རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་སུ་དྲུད་ནས་རུབ་རྡུང་བྱས་ཏེ་གདོང་པར་རྨས་བཟོས་པ་དང་ལུས་ལ་སྔོ་ཐིག་ཕོག ཁོ་པ་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱ་དགོས་བྱུང་ཞིང་། དྲྭ་ལམ་དུ་བརྙན་ཐུང་འགའ་ཁྱབ་པ་དེ་དག་གི་ནང་དུ་སྐྱེས་པ་ཁ་རས་དང་ཞྭ་མོ་གྱོན་པ་ཞིག་གིས་བྷབ་ཆན་གྱི་སྐྲ་འཐེན། སྐྱེས་པ་དེ་མན་ཆེ་སི་ཊར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་ཡིན་པ་ངོ་ཐག་ཆོད། རྒྱ་ནག་གཞུང་གིས་ཉིན་དེར་ངོ་རྒོལ་བ་ཁག་ཅིག་དོན་གཅོད་ཁང་ལ་དཔུང་འཛུལ་བྱས་པ་རེད་ཅེས་བཀྲལ། རྒྱལ་སྤྱིའི་གྲོས་ཚོགས་མཉམ་འབྲེལ་མཐུན་ཚོགས་ཀྱིས་བསྐོངས་པའི་གསར་འགོད་ལྷན་ཚོགས་ཐོག་ཏུ་བྷབ་ཆན་གྱིས་ང་རྒྱ་ནག་དོན་གཅོད་ཁང་གི་ནང་དུ་དྲུད་པ་རེད། ང་ཚོ་རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་སུ་དཔུང་འཛུལ་བྱས་མེད་ཅེས་འགྲེལ་བཤད་བརྒྱབ་པའི་གནས་ཚུལ་ཐོན་འདུག

བྷབ་ཆན་ནི་ཕྱི་ལོགས་སུ་གནས་འཁོད་དབྱིན་ཇིའི་སྤྱི་དམངས་ཤིག་ཡིན་པ་དང་སྔ་ལོ་ཧོང་ཀོང་ནས་དབྱིན་ཡུལ་དུ་བཙན་བྱོལ་ལ་འབྱོར། ཁོ་པས་རེས་གཟའ་ཉི་མའི་ཉིན་མན་ཆེ་སི་ཊར་གྲོང་ཁྱེར་གྱི་རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་རྒྱ་ནག་དམར་ཤོག་ཚོགས་པར་ངོ་རྒོལ་བྱས་པ་ཡིན། ཁོ་བོའི་ངོ་རྒོལ་གྱི་དུས་སྐབས་དེ་ཞིས་ཅིན་ཕིང་གིས་པེ་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པ་སྒོ་འབྱེད་ཀྱི་གཏམ་བཤད་བྱེད་ཀྱི་ཡོད་པའི་སྐབས་དང་ཁེལ་བ་རེད་ཅེས་བསྒྲགས། དབྱིན་ཇིའི་གྲོས་ཚོགས་གོང་མའི་དམངས་གཙོ་གུ་ཡངས་ཚོགས་པའི་འཐུས་མི་ཌེ་ཝི་ཌི་ཨལ་ཊོན་གྱིས་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་དང་ཕྱི་འབྲེལ་མི་སྣ་གསུམ་ཧོང་ཀོང་གི་ངོ་རྒོལ་བ་དེར་ཉེས་རྡུང་བཏང་བའི་དོན་རྐྱེན་ལ་འབྲེལ་བ་འདུག་ཅེས་ཐེར་འདོན་བྱས་ཤིང་། མི་ཚོས་ཧོང་ཀོང་བ་དེར་ཉེས་རྡུང་གཏོང་མཁན་རྣམས་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་དང་དོན་གཅོད་གའོ་ལཱེན་ཅ། དོན་གཅོད་གཞོན་པ་ཁྲེན་ཝེ་དང་སྤྱི་ཁྱབ་དོན་གཅོད་གཞོན་པ་ཧྥན་དབྱིང་ཅེ་རྣམས་རེད་ཅེས་ངོ་ཐག་བཅད། ཁ་སང་གཟའ་ལྷག་པའི་དགོང་མོར་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་གྱིས་ང་ཚོའི་འགོ་ཁྲིད་ལ་དམའ་འབེབས་དང་རྒྱལ་ཁབ་ལ་ཁྱད་གསོད་བྱས་ན་དེ་ལ་འགོག་རྒོལ་བྱ་རྒྱུ་ངའི་ལས་འགན་རེད། ཕོ་གསར་དེས་ངའི་ལས་རོགས་ཤིག་གི་ཚེ་སྲོག་ལ་ཉེན་ཁ་འབྱུང་དུ་བཅུག་པ་དང་ངས་དེ་ཛ་དྲག་ཅིག་མཐོང་སོང་། ང་ཚོས་དོན་རྐྱེན་དེ་ཞི་འཇམ་གཏོང་ཐབས་བྱས་པ་ཡིན། དེ་ནི་གནད་འགག་ཆེ་བའི་དུས་སྐབས་ཤིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ད་ལྟ་འཛམ་གླིང་ཡོངས་སུ་དབྱིན་ཇིའི་མན་ཆེ་སི་ཊར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་ཚོས་ཧོང་ཀོང་གི་ངོ་རྒོལ་བ་ཞིག་དོན་གཅོད་ཁང་གི་ནང་ལོགས་སུ་དྲུད་ནས་ཉེས་རྡུང་བཏང་བར་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

དབྱིན་ཇིའི་གྷར་ཌི་ཡན་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་བ་བྷབ་ཆན་གྱིས་དབྱིན་གཞུང་ནས་འཕྲལ་དུ་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་དེ་ཚོ་ཕྱིར་ཕུད་གཏོང་དགོས། ང་ནི་དབྱིན་གཞུང་ལ་བློ་ཕམ་སོགས་ཅི་ཡང་བྱུང་མེད། དབྱིན་གཞུང་གིས་གནད་དོན་དེར་ཐེ་གཏོགས་བྱ་རྒྱུ་མིན་པའི་ལངས་ཕྱོགས་བཟུང་བ་ཞིག་མ་རེད། དབྱིན་གཞུང་གིས་ཉེས་རྡུང་དེར་ཞིབ་འཇུག་གཟབ་ནན་བྱས་ནས་ཐག་གཅོད་བྱ་དགོས་ཀྱི་འདུག་ཅེས་ང་ལ་བཤད་བྱུང་། ངས་དབྱིན་གཞུང་གིས་གནད་དོན་དེ་མྱུར་དུ་ཐག་གཅོད་བྱ་རྒྱུའི་རེ་ལྟོས་འཆང་ཡོད་ཅེས་བཤད་མོད། འོན་ཀྱང་བྷབ་ཆན་གྱིས་རང་གི་ལོ་རྒྱུས་དང་ཕ་མ་སོགས་གང་དུ་ཡོད་མེད་བཅས་ཀྱི་གནས་ཚུལ་ཞིབ་ཕྲ་མ་བཤད། དེ་ནི་རྒྱ་ནག་གཞུང་གིས་བྷབ་ཅན་གྱི་ཕ་མ་སོགས་ལ་དགྲ་ལན་སློག་སྲིད་པར་སྐྲག་ནས་ཡིན་ཤས་ཆེ། སྐད་སྒྱུར་གྱིས་བྷབ་ཆན་ལ་རང་གི་ལོ་རྒྱུས་ཆ་ཚང་ཕྱིར་བསྒྲགས་བྱ་རྒྱུ་སྟབས་བདེ་པོ་མི་འདུག ཁོང་གི་ཕ་མ་སྤུན་མཆེད་ཀྱི་བདེ་འཇགས་ལ་བསམ་བློ་གཏོང་དགོས་པ་དང་དགའ་ཉེ་གྲོགས་པོ་སོགས་ལའང་ཆག་སྒོ་འབྱུང་སྲིད་ཅེས་བཤད། བྷབ་ཆན་གྱིས་ང་ན་ནིང་ཧོང་ཀོང་ནས་དབྱིན་དུ་བཙན་བྱོལ་ལ་ཡོང་བ་ཡིན། ཧོང་ཀོང་གཞུང་གིས་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་སྨྲ་བརྗོད་རང་དབང་ལ་དྲག་གནོན། དམངས་གཙོའི་ལས་འགུལ་བ་རྣམས་འཛིན་བཟུང་བྱས་པ་དང་ཧོང་ཀོང་གི་ཆབ་སྲིད་ཀྱི་གནས་སྟངས་སྡུག་ཏུ་ཕྱིན་སོང་། གཟའ་ཉི་མའི་ངོ་རྒོལ་སྐབས་དེར་ཁ་རས་གྱོན་པའི་མི་དེས་ང་ཚོས་བཙུགས་པའི་འཕྲེད་དར་རྣམས་འབལ་ཐབས་བྱས་ནས་དྲག་རྩུབ་བཀོལ་བ་རེད། ངས་ཁ་རས་གྱོན་པའི་མི་དེར་ང་ཚོའི་འཕྲེད་དར་རྣམས་འབལ་དུ་བཅུག་མེད། དེ་ནས་ཁོ་ཚོས་ང་རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་སུ་དྲུད་ནས་རྡོག་རྒྱག་དང་ཁུ་ཚུར་གཞུས། སྐྲ་འཐེན་ནས་རུབ་རྡུང་བྱས་བྱུང་། ངོ་རྒོལ་བ་གཞན་ཚོས་ང་རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་ནས་སྐྱོབ་ཐབས་བྱས་ཀྱང་གྲུབ་འབྲས་མ་ཐོན། མན་ཆེ་སི་ཊན་མངའ་ཁུལ་གྱི་སྒྲིག་ཆས་གྱོན་པའི་ཉེན་རྟོག་པ་ཞིག་བསླེབས་ནས་ང་བསྐྱབས་པ་རེད། ངས་དབྱིན་ཇིའི་ས་ཐོག་ཏུ་འདི་འདྲ་ཞིག་འབྱུང་རྒྱུ་རེད་ནམ་ཡང་དྲན་མྱོང་མེད་ཅེས་གསར་འགོད་པ་ཚོར་གླེང་མོལ་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་དབྱིན་ཇིའི་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གྲོས་ཚོགས་འཐུས་མི་ཨ་ལི་ཤ་ཀི་ཨརྣ་སི་ཡིས་རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་གྱིས་ཞི་བའི་ངོ་རྒོལ་བ་ཞིག་གི་འཕྲེད་དར་འབལ་ཐབས་བྱས་པ་ང་ཚོས་དངོས་སུ་མཐོང་བ་རེད། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་མི་ལ་ཉེས་རྡུང་དང་སྨྲ་བརྗོད་རང་དབང་གི་ཐོབ་ཐང་འཕྲོག་པའི་སྤྱོད་ངན་རྣམས་དབྱིན་ཡུལ་ལ་དར་སྤེལ་གཏོང་དུ་འཇུག་ཐུབ་ཐབས་མེད། དབྱིན་ཇིའི་ས་ཐོག་ཏུ་རྒྱ་ནག་ལ་ངོ་རྒོལ་བྱེད་ཆོག་གི་མེད་པ་ནི་ཞབས་འདྲེན་ཞིག་རེད་ཅེས་ཁ་རྡུང་བཏང་འདུག དེང་སྐབས་རྒྱ་ནག་གི་གཞུང་ཚབ་པ་ཀེང་ཙེ་གྭང་ཕྱོགས་སྐྱོད་དུ་ཕྱིན་ནས་ལོན་ཌོན་དུ་བསྡད་མེད་པ་དང་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེས་ལོན་ཌོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་པ་གཞོན་པ་དབྱང་ཞའོ་ཀྭང་འབོད་འགུགས་བྱས་ནས་མན་ཆེ་སི་ཊར་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་དོན་གཅོད་ཁང་གི་ལས་སྣེ་ཚོས་མི་ལ་ཉེས་རྡུང་བཏང་བར་འདྲི་རྩད་བྱས་འདུག ཕྱི་སྲིད་དྲུང་ཆེས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཁག་དབྱིན་ཇིའི་ས་ཐོག་ཏུ་བསྡད་ཡོད་པ་དང་མི་ལ་ཉེས་རྡུང་བཏང་བར་ནམ་ཡང་བཟོད་སྒོམ་བྱ་ཐབས་བྲལ། ངའི་སེམས་པར་མན་ཆེ་སི་ཊར་མངའ་ཁུལ་གྱི་ཉེན་རྟོག་ཁང་གིས་གནད་དོན་དེར་ཞིབ་འཇུག་བྱ་རྒྱུ་རེད་སྙམ། མན་ཆེ་སི་ཊར་མངའ་ཁུལ་གྱི་ཉེན་རྟོག་ཁང་གི་ཞིབ་འཇུག་སྙན་ཐོ་འབྱོར་བའི་རྗེས་སུ་ཅི་ཞིག་བྱ་དགོས་མིན་ཐག་གཅོད་བྱ་འཆར་ཡོད་ཅེས་གསར་འགོད་པ་ཚོར་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གི་སྤྱི་ཁྱབ་དོན་གཅོད་ཀྲེང་ཤི་ཡོན་གྱིས་མན་ཆེ་སི་ཊར་མངའ་ཁུལ་གྱི་ཉེན་རྟོག་ཁང་ལ་ངོ་རྒོལ་བ་ཚོས་རྒྱ་ནག་དོན་གཅོད་ཁང་གི་སྒོ་མདུན་དུ་སྲིད་འཛིན་ཞིས་ཅིན་ཕིང་གི་འདྲ་པར་བཤམས། འདྲ་པར་གྱི་སྐེ་ལ་ལྕེབ་ཐག་བསྐོན། ཁོ་ཚོས་དཀོན་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པར་བསྒྲལ་བར་ཤོག ཁྱོད་ཚོས་རང་གི་ཨ་མར་བཤོས་ཞེས་བྲིས་པའི་ཡིག་བྱང་རྣམས་བཙུགས་པ་རེད། ཁོ་ཚོའི་སྤྱོད་པ་དེ་རྣམས་བསམ་བཞིན་འཁྲུག་རྩོད་སློང་ཐབས་ཡིན་པར་མ་ཟད། རྒྱ་ནག་དོན་གཅོད་ཁང་གི་ལས་བྱེད་པ་ཚོར་སུན་གཙེར་དང་འཇིགས་སྐུལ། དབྱིན་ཇིའི་སྤྱི་དམངས་སྒྲིག་ཁྲིམས་ལ་འགལ་འཛོལ་བྱུང་བ་ཞིག་རེད་ཅེས་སྙན་ཞུ་ཕུལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་པིན་གྱིས་ངོ་རྒོལ་བ་དེ་ཁྲིམས་འགལ་ཐོག་ཏུ་རྒྱ་ནག་དོན་གཅོད་ཁང་གི་ནང་ལོགས་སུ་དཔུང་འཛུལ་བྱས་པ་རེད། རྒྱལ་ཁབ་ཚང་མའི་ཕྱི་འབྲེལ་དོན་གཅོད་ལས་ཁུངས་ཁག་ལ་རང་གི་བདེ་འཇགས་སྲུང་སྐྱོབ་བྱེད་ཆོག་པའི་ཐོབ་ཐང་ཡོད་ཅིང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་དོན་གཅོད་ལས་ཁུངས་ཁག་གི་ཞི་བདེ་ལྷིང་འཇགས་དང་ཆེས་མཐོང་ལ་གཏོར་བརླག་བྱས་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཁ་སང་གཟའ་ལྷག་པའི་ཉིན་ཡུ་ཧུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཇིའི་མན་ཆེ་སི་ཊར་མངའ་ཁུལ་གྱི་ཉེན་རྟོག་ཁང་གིས་ཁ་སྔོན་གཟའ་ཉི་མའི་ཉིན་ངོ་རྒོལ་བ་༤༠་ཡས་མས་ཤིག་འདུས་ནས་ངོ་རྒོལ་ལས་འགུལ་སྤེལ་སོང་། རྒྱ་ནག་གི་དོན་གཅོད་ཁང་དེ་ཆུང་ཆུང་ཡིན་པ་དང་དབྱིན་ཇིའི་ས་ཐོག་ཏུ་ཡོད་ཀྱང་དོན་གཅོད་ཁང་གི་ཆོག་མཆན་མེད་པར་ནང་དུ་འཛུལ་ཞུགས་བྱེད་ཆོག་གི་མ་རེད། ཡིན་ནའང་སྐབས་དེར་མི་ཞིག་དོན་གཅོད་ཁང་གི་ནང་ལོགས་སུ་དྲུད་ནས་ཉེས་རྡུང་གཏོང་གི་ཡོད་པ་མཐོང་སྟེ་མི་དེའི་བདེ་འཇགས་ཆེད་དུ་དབྱིན་ཇིའི་ཉེན་རྟོག་པ་ཚོ་རྒྱ་ནག་གི་དོན་གཅོད་ཁང་དུ་འཛུལ་ནས་ངོ་རྒོལ་བ་དེ་བསྐྱབས་པ་ཡིན་ཞེས་གསར་བསྒྲགས་སྤེལ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG