ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཧོང་ཀོང་སྐོར་ལ་དམིགས་གསལ་སྙན་ཐོ་ཞིག་བཏོན་གནང་འདུག


2022年10月1日香港纪律部队在香港会议中心外面紫荆花广场升起中华人民共和国国旗和香港特别行政区区旗。-照片来自香港政府
2022年10月1日香港纪律部队在香港会议中心外面紫荆花广场升起中华人民共和国国旗和香港特别行政区区旗。-照片来自香港政府

ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་CECCཡིས་ཧོང་ཀོང་སྐོར་ལ་དམིགས་གསལ་སྙན་ཐོ་ཞིག་བཏོན་ཏེ། འདས་པའི་ལོ་གཉིས་ལྷག་གི་རིང་རྒྱ་ནག་གིས་ཧོང་ཀོང་ལ་ཕྱོགས་ཡོངས་ནས་དྲག་གནོན་ཤུགས་ཆེ་བྱས་ཏེ། དེང་སྐབས་ཧོང་ཀོང་ནང་གི་སྤྱི་དམངས་ཐོབ་ཐང་དང་། དམངས་གཙོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་རྩ་བརླག་ཕྱིན་ཡོད་་འདུག

་ཟླ་བཅུ་པའི་ཚེས་བཞི་སྟེ་རེས་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་CECCཡིས་ཧོང་ཀོང་སྐོར་ལ་དམིགས་གསལ་སྙན་ཐོ་ཞིག་བཏོན་ཏེ། འདས་པའི་ལོ་གཉིས་ལྷག་གི་རིང་རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པར་ཁ་གཡར་ནས། ཧོང་ཀོང་ལ་ཕྱོགས་ཡོངས་ནས་དྲག་གནོན་ཤུགས་ཆེ་བྱས་ཏེ། དེང་སྐབས་ཧོང་ཀོང་ནང་གི་སྤྱི་དམངས་ཐོབ་ཐང་དང་། དམངས་གཙོའི་སྤྱི་ཚོགས་ཕྱོགས་ཡོངས་ནས་རྩ་བརླག་ཕྱིན་ཡོད་པའི་སྐོར་གསལ་སྟོན་གནང་འདུག

མཚན་བྱང་ལ་ཧོང་ཀོང་སྤྱི་དམངས་ཀྱི་སྤྱི་ཚོགས། གུ་ཡངས་ལྡན་པའི་གྲོང་ཁྱེར་ཞིག་ནས་འཇིགས་སྣང་གིས་ཁེངས་པའི་གྲོང་ཁྱེར་ཞིག་ཏུ་གྱུར་བ་ཞེས་བཏགས་ཡོད་པའི་ཤོག་ལྷེ་༦༦ ཅན་གྱི་སྙན་ཐོ་དེའི་ནང་། གཙོ་བོ་ཧོང་ཀོང་ནང་གི་སྤྱི་དམངས་རྩ་འཛུགས་དང་དེ་བཞིན་ཁྲིམས་འཛུགས་ལྷན་ཚོགས་སུ་དངོས་སུ་ཞབས་ཕྱི་ཞུས་མྱོང་མཁན་གྱི་ཚོགས་མི་ལས་ཐོག་དང་། ཚོགས་མི་ཟུར་པ་ཁྱོན་མི་གྲངས་༤༢ ལ་བཅར་འདྲི་ཞུས་ནས། རྒྱ་ནག་གཞུང་གིས་༢༠༢༠ ལོའི་སྤྱི་ཟླ་༦ པའི་ཚེས་༣༠ ཉིན་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་ལག་ལེན་བསྟར་བ་ནས་བཟུང་། ཧོང་ཀོང་ནང་གི་སྤྱི་དམངས་ཐོབ་ཐང་བརྩོན་ལེན་བྱེད་མཁན་དང་། དམངས་ཁྲོད་ཚོགས་པ་ཁག་གི་ཚོགས་མི། དེ་བཞིན་རྒྱ་ནག་གཞུང་དང་ཆབ་སྲིད་ལྟ་བ་ཐ་དད་འཛིན་མཁན་གྱི་ལས་རིགས་འདྲ་མིན་ནང་གི་ཆེད་མཁས་པ་སོགས་ཁྱོན་མི་ཁྲི་གཅིག་ལྷག་ཙམ་ལ། འཇིགས་སྐུལ་རིང་ལུགས་པ་དང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་མཁན། དེ་བཞིན་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་དང་། རྒྱལ་ཁབ་གཞན་དང་ངན་འབྲེལ་བྱེད་མཁན་སོགས་ཉེས་འཛུགས་བྱས་ནས་བཀག་ཉར་འོག་ཚུད་ཡོད་ཚུལ་དང་། གཞན་ཡང་ཧོང་ཀོང་གཞུང་གིས་ཆབ་སྲིད་ལྟ་གྲུབ་ཐ་དད་འཛིན་མཁན་ཚོ་ལ་ཁ་འགོག་ཐབས་བྱས་པ། གཞུང་ལ་ངོ་རྒོལ་བྱས་ནས་བཙོན་འོག་ཏུ་ཚུད་མཁན་ཚོ་ལ་དཀལ་ངལ་ག་འདྲ་འཕྲད་བཞིན་པ། ཧོང་ཀོང་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་གསར་ལམ་ཁག་དང་། སྤྱི་དམངས་རྩ་འཛུགས་དེ་ཚོ་བཙན་དབང་ཐོག་ནས་སྒོ་བརྒྱབ་བཅུག་རྗེས་དེང་སང་ཧོང་ཀོང་སྤྱི་ཚོགས་ཀྱི་གནས་སྟངས་ག་འདྲ་ཆགས་ཡོད་པ། ཧོང་ཀོང་གཞུང་གིས་དྲག་གནོན་ལས་འགུལ་སྤེལ་བ་དེས་ད་ལྟ་གཞན་ཡུལ་ལ་བྲོས་བྱོལ་དུ་ཕེབས་མཁན་གྱི་ཧོང་ཀོང་བ་དང་། ད་ལྟ་ཧོང་ཀོང་ནང་བཞུགས་ཡོད་པའི་མི་ཚོ་ལ་ཤུགས་རྐྱེན་ག་རེ་ཐེབས་ཡོད་མེད་སོགས་རེ་རེ་བཞིན་གསལ་སྟོན་གནང་འདུག

ཉི་ཧོང་མིང་ཀྲིས་གཙུག་ལག་སློབ་ཆེན་གྱི་གདན་ཞུ་ཉམས་ཞིབ་པ་ཕན་ཅཱག་ཝེས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་བཏོན་པ་དེས་སྤྱི་དམངས་སྤྱི་ཚོགས་དང་ཚོགས་པ་ཁག་རྩ་ཐོར་ཕྱིན་ཚར་ཡོད་པ་མཚོན་གྱི་ཡོད། རྒྱ་ནག་དམར་ཤོག་གཞུང་གིས་ཧོང་ཀོང་ནང་ཡོད་པའི་ཕྱིའི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་ཁོ་ཚོའི་བར་ནི་ཁྱོད་ཤི་ང་གསོན་གྱི་འགྲན་རྩོད་ཅིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་བས་རྒྱ་ནག་གཞུང་ལ་ཧོང་ཀོང་སྤྱི་དམངས་ཀྱི་ཐོབ་ཐང་རྩ་བརླག་གཏོང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་རེད་ཅེས་གསུངས་པ་དང་། གཞན་ཡང་ཧོང་ཀོང་ནང་མིང་བརྗོད་འདོད་མེད་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་ཧོང་ཀོང་ནི་དེ་སྔར་གུ་ཡངས་ལྡན་པའི་སྤྱི་ཚོགས་ཤིག་ནས་ད་ལྟ་མི་ཚང་མས་ཞེན་སྣང་སྐྱེལ་དགོས་སའི་སྤྱི་ཚོགས་ཡ་ང་བ་ཞིག་ཏུ་གྱུར་ཡོད། ད་ལྟ་ཧོང་ཀོང་སྤྱི་ཚོགས་ཕྱོགས་ཡོངས་ལ་འཇིགས་སྣང་གིས་ཁེངས་ཡོད་ཅེས་གསུངས་པ་དེ་དག་སྙན་ཐོ་དེའི་ནང་ལུང་དྲངས་འདུག

རྒྱ་ནག་དམར་ཤོག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཞེས་པ་ལག་ལེན་བསྟར་བ་ནས་བཟུང་། པེ་ཅིང་གིས་ཧོང་ཀོང་གི་རང་སྐྱོང་དང་རང་དབང་གི་ཐོབ་ཐང་རྩ་བརླག་གཏོང་བཞིན་པའི་བྱེད་སྟངས་དེ་ལ་དེ་སྔར་ཨ་རིའི་གྲོས་ཚོགས་ནང་གི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། །

XS
SM
MD
LG