ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

འབྲུག་པའི་སྲིད་བློན་ནས་རྒྱ་གར་གྱིས་མ་རྩ་འཛུཊ་རོགས་ཞེས་འབོད་སྐུལ་ཞུས།


 ཉེ་ཆར་སྲིད་བློན་ཚེ་རིང་སྟོབས་རྒྱལ་ཉིན་ལྔར་རྒྱ་གར་དུ་འཚམས་འདྲིར་ཕེབས་
ཉེ་ཆར་སྲིད་བློན་ཚེ་རིང་སྟོབས་རྒྱལ་ཉིན་ལྔར་རྒྱ་གར་དུ་འཚམས་འདྲིར་ཕེབས་

༄༅།། འབྲུག་པའི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ནས་རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་ཁག་ལ་མ་རྩ་འཛུགས་རོགས་ཞེས་འབོད་སྐུལ་ཞུས། ཁ་སྔོན་གཟའ་པ་སངས་ཉིན་ཚད་ལྡན་ཚོང་ལས་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་སྲིད་བློན་ཚེ་རིང་སྟོབས་རྒྱལ་ཉིན་ལྔར་རྒྱ་གར་དུ་འཚམས་འདྲིར་ཕེབས་པའི་དགོས་པ་གཙོ་བོ་ནི་རྒྱ་གར་དང་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུ་དང་པྲོག་དབྱིབས་ནད་ཡམས་སྐབས་སུ་འབྲུལ་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ཉམས། ན་གཞོན་ཚོར་ལས་ཀ་དང་འཚོ་བའི་དམིགས་སྒོ་མེད་པའི་དཀའ་ངལ་སེལ་ཐབས་ཡིན་ཞིང་། ཁོང་གིས་ང་ལ་རྟག་ཏུ་ཚོང་ལས་ཀྱི་འགོ་ཁྲིད་ཚོར་ཐུག་འཕྲད་དང་བཟོ་ཚོང་ལས་ཁང་ཁག་འབྲུག་ཡུལ་དུ་འབོད་འདོད་ཡོད། རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱི་འབྲེལ་བ་ཧ་ཅང་བཟང་པོ་ཡིན་པ་དགའ་འོས་པ་ཞིག་ཡིན། རྒྱ་གར་བ་མང་ཙམ་འབྲུག་ཡུལ་དུ་ལྟ་སྐོར་ལ་ཡོང་དགོས། རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་འབྲུག་ཡུལ་གྱི་ཡུལ་སྐོར་ཚོང་ལས་ནང་དུ་མ་རྩ་འཛུགས་རྒྱུའི་རེ་བ་ཡོད་ཅེས་གཏམ་བཤད་བྱས་འདུག

འབྲུག་ཡུལ་གྱི་ས་ཁྱོན་བརྒྱ་ཆ་༧༢་ནགས་ཚལ་ཡིན་ཞིང་། སྲིད་བློན་ཚེ་རིང་སྟོབས་རྒྱལ་ནས་རྒྱ་གར་བའི་བཟོ་ཚོང་ལས་ཁུངས་ཁག་གིས་འབྲུག་ཡུལ་དུ་མ་རྩ་བཙུགས་ནས་མགྲོན་ཁང་དང་ཟ་ཁང་། ལུས་སྦྱོང་དང་སྒོམ་སྒྲུབ། ཕུར་ཉེད་སོགས་བདེ་ཐང་གི་ལྟེ་གནས་ཁག་འཛུགས་ཆོག རྒྱ་གར་བ་ཚོས་ཕྱི་རྒྱལ་གྱི་འགྲུལ་པ་གཞན་དང་མ་འདྲ་བར་ཧིན་སྒོར་༡༢༠༠་ཐམ་པའི་འགྲུལ་ཁྲལ་ལས་སྤྲོད་མི་དགོས། ༢༠༢༣་ལོར་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་༧༢༦༥༩་འབྲུག་ཡུལ་དུ་བསླེབས་འདུག ༢༠༢༤་ལོར་རྒྱ་གར་གྱི་འགྲུལ་པ་འབུམ་༡་དང་ཕྱེད་ཀ་འབྲུག་ཡུལ་དུ་ཡོང་རྒྱུའི་རེ་བ་ཡོད། རྒྱ་གར་ནས་འབྲུག་ཡུལ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱས་ཡོད་པས་ལམ་གྲོན་ཡང་ཆེན་པོ་མ་རེད། མ་འོངས་པའི་ལོ་ཤས་ནང་དུ་འབྲུག་ཡུལ་དང་རྒྱ་གར་གཉིས་ཀྱིས་མཁའ་ལམ་འགྲིམ་འགྲུལ་ཡང་མང་དུ་གཏོང་རྒྱུའི་གྲོས་མཐུན་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་བཀྲལ།།

རྒྱ་གར་བའི་བཟོ་ཚོང་ལས་ཁུངས་ཁག་གིས་འབྲུག་ཡུལ་དུ་མ་རྩ་བཙུགས་ནས་མགྲོན་ཁང་དང་ཟ་ཁང་།
རྒྱ་གར་བའི་བཟོ་ཚོང་ལས་ཁུངས་ཁག་གིས་འབྲུག་ཡུལ་དུ་མ་རྩ་བཙུགས་ནས་མགྲོན་ཁང་དང་ཟ་ཁང་།

ན་ནིང་ལོ་མཇུག་དེར་འབྲུག་ཡུལ་དུ་སྤྱི་ཡོངས་འོས་བསྡུ་བྱས་ནས་དཔལ་འབྱོར་སླར་གསོ་དང་ན་གཞོན་ཚོར་ལས་ཀ་བཀོད་སྒྲིག འབྲུག་ཡུལ་གྱི་ཤེས་ཡོན་ཅན་རྣམས་ཨོ་གླིང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོར་བྱེད་མི་དགོས་པ་ཞིག་བྱ་རྒྱུ་ཡིན་ཞེས་མི་སེར་དམངས་གཙོ་ཚོགས་པའི་སྲིད་བློན་འོས་མི་དྲག་ཤོས་ཚེ་རིང་སྟོབས་རྒྱལ་གྱིས་ཁས་ལེན་བྱས་ནས་འོས་བསྡུའི་རྒྱལ་ཁ་ཐོབ། ཕྱི་ཟླ་༣་པའི་ཚེས་༡༨་ཉིན་སིཀ་རོལ་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཁས་ལེན་བྱས་པ་རྣམས་སྒྲུབ་ཐབས་བྱ་དགོས། ༢༠༢༢་ནས་འབྲུག་པ་ཚོ་རང་ཡུལ་ནས་ཕྱི་རྒྱལ་དུ་གནས་སྤོར་བྱ་རྒྱུ་ཇེ་མང་དུ་སོང་། དཔེར་ན་ལོ་དེ་གཅིག་པུར་འབྲུག་ཡུལ་གྱི་སྤ་རོ་རྒྱལ་སྤྱིའི་གནམ་ཐང་ནས་འབྲུག་པ་༡༦༩༧༣་ཕྱི་རྒྱལ་དུ་སྤོས་པ་ཐོ་གཞུང་དུ་འཁོད། དེ་ནི་མི་འབོར་འབུམ་༨་ཡས་མས་ཤིག་ལས་མེད་པའི་འབྲུག་ཡུལ་ལ་མཚོན་ན་བློ་འཚབ་བྱེད་དགོས་པ་ཞིག་རེད་ཅེས་བཀོད།།

མི་རྣམས་ཀྱིས་གླ་འཁོར་ལ་སྒུག་བཞིན་འདུག
མི་རྣམས་ཀྱིས་གླ་འཁོར་ལ་སྒུག་བཞིན་འདུག

འབྲུག་ཡུལ་གྱི་ཀུན་གསལ་གསར་ཁང་གིས་འབྲུག་པ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོར་བྱེད་ཀྱི་ཡོད་པ་དེ་དག་གི་བརྒྱ་ཆ་༣༠་ཡས་མས་ཤིག་ལོ་ན་༣༥་མན་ཆད་རེད་ཅེས་གནས་ཚུལ་སྤེལ། འབྲུག་ཡུལ་གྱི་ན་གཞོན་ཤེས་ཡོན་ཅན་དང་ཆེད་ལས་པ་རྣམས་ཅི་ཙམ་ཕྱི་ལ་ཤོར་ན་དེ་ཙམ་གྱིས་རྒྱ་གར་གཞུང་ནས་བློ་འཚབ་བྱ་དགོས་པ་ཞིག་ཏུ་འགྱུར་སྲིད། འདས་པའི་ལོ་མང་རིང་འབྲུག་པའི་ན་གཞོན་སྟོང་ཕྲག་མང་པོ་རྒྱ་གར་དུ་སློབ་སྦྱོང་དང་སྦྱོང་བརྡར་ལ་བསླེབས། རྒྱ་གར་ནས་སློབ་སྦྱོང་ཐོན་པ་ཚོས་འབྲུག་གཞུང་གིས་རྒྱ་གར་ལ་འབྲེལ་བ་བཟང་པོ་འཛིན་དགོས་པ་དང་རྒྱ་ནག་ལ་དོགས་ཟོན་བྱ་དགོས་པའི་ལངས་ཕྱོགས་བཟུང་། ཁོ་ཚོས་འབྲུག་ཡུལ་ལ་རྒྱ་ནག་གི་ཤུགས་རྐྱེན་ཐེབས་རྒྱུ་བཀག རྒྱ་ནག་གིས་འབྲུག་ཡུལ་ལ་འབྲོག་ལམ་གྱི་བདག་དབང་ཐོག་ཏུ་ཕྱོགས་གཉིས་ཀྱིས་ཐད་ཀར་གྲོས་མོལ་བྱ་དགོས་ཞེས་ནན་ཤུགས་སྤྲད། འབྲུག་ཡུལ་གྱིས་ལྡི་ལི་གསར་པའི་སྐུ་ཚབ་ཀྱང་གྲོས་མོལ་ཁོངས་སུ་མཉམ་ཞུགས་བྱ་དགོས་ཞེས་རྒྱ་གར་གྱི་ཁེ་ཕན་བློས་གཏོང་གི་མེད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་ཆུ་ཤུགས་གློག་ཁང་
འབྲུག་ཡུལ་གྱི་ཆུ་ཤུགས་གློག་ཁང་

སིཀ་རོལ་གསར་འགྱུར་ལས་ཁུངས་ཀྱིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་༢༠༠༥་ནས་འབྲུག་ཡུལ་གྱི་ན་གཞོན་ཚོ་ཕྱི་ལ་ལས་ཀ་འཚོལ་དུ་འགྲོ་མགོ་བརྩམས། འབྲུག་ཡུལ་གྱི་དཔལ་འབྱོར་ནི་ཡུལ་སྐོར་སྤྲོ་འཆམ་དང་ཆུ་ཤུགས་གློག་ཁང་འབའ་ཞིག་ལ་བརྟེན་ཡོད་པས་ན་གཞོན་ཤེས་ཡོན་ཅན་ཚང་མར་ལས་ཀ་བཀོད་སྒྲིག་མ་ཐུབ། ༢༠༡༩་ལོར་འཛམ་གླིང་ཡོངས་སུ་པྲོག་དབྱིབས་ནད་དུག་ཁྱབ། ༢༠༢༠་ནས་འབྲུག་ཡུལ་གྱི་དཔལ་འབྱོར་དང་ཚོང་ལས་ཉམས་ཏེ་ཡུལ་ཐང་འཕར། འབྲུག་གཞུང་གིས་ལས་ཀ་གསར་པ་བཀོད་སྒྲིག་བྱེད་མ་ཐུབ་པར་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༢༩་ཟིན། གླ་ཕོགས་དམའ་བ་དང་དཀའ་ངལ་ཆེ་བའི་གནས་སྟངས་འོག་ཏུ་ངལ་རྩོལ་རྒྱུག་མཁན་རྣམས་ཐོངས་མཆན་ཐོབ་སླ་བའི་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྐྱོད།།

༢༠༢༣་ལོའི་ཕྱི་ཟླ་༧་ནས་ད་ལྟའི་བར་དུ་འབྲུག་ཡུལ་གྱི་ན་གཞོན་ཉམས་ཞིབ་པ་༡༥༠༠༠་གིས་ཨོ་གླིང་དུ་གནས་སྤོར་བྱ་རྒྱུའི་ཐོངས་མཆན་ཞུས། མི་གྲངས་དེས་འབྲུག་ཡུལ་གྱི་མི་འབོར་བརྒྱ་ཆ་༢་ཟིན་གྲབས་སུ་གྱུར། རྒྱ་གར་གཞུང་གིས་འབྲུག་ཡུལ་གྱི་སློབ་ཕྲུག་ཚོར་སློབ་ཡོན་རོགས་རམ་སྤྲོད་ཀྱི་ཡོད་ཀྱང་༢༠༡༢་ནས་༢༠༡༣་བར་དུ་རྒྱ་གར་ལ་སློབ་སྦྱོང་དུ་བསླེབས་པའི་འབྲུག་པའི་སློབ་ཕྲུག་༢༤༦༨་ལས་མེད་ཅིང་། ༢༠༢༠་ནས་༢༠༢༡་བར་དུ་རྒྱ་གར་ལ་སློབ་སྦྱོང་དུ་ཡོང་མཁན་འབྲུག་པའི་སློབ་ཕྲུག་༡༨༢༧་ལས་མ་བྱུང་། ཉེ་བའི་ལོ་ཤས་ཤིག་ནས་འབྲུག་པའི་སློབ་ཕྲུག་རྣམས་ཨོ་གླིང་དང་ཁེ་ན་ཌ། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་སློབ་ཆེན་ཁག་ལ་ཚུད་ཐབས་སུ་འབད། འབྲུག་པའི་ན་གཞོན་ཚོ་རྒྱ་གར་ལ་སློབ་སྦྱོང་དུ་ཡོང་རྒྱུ་ཅི་ཙམ་ཉུང་དུ་ཕྱིན་ན་རྒྱ་གར་གཞུང་གིས་འབྲུག་ཡུལ་ལ་ཤུགས་རྐྱེན་ཐེབས་རྒྱུ་དཀའ་རུ་འགྲོ་རྒྱུ་བརྗོད་ཅི་དགོས།།

རྒྱ་གར་དང་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུ
རྒྱ་གར་དང་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ཚོང་ལས་རྒྱ་སྐྱེད་གཏོང་རྒྱུ

འབྲུག་ཡུལ་གྱི་ན་གཞོན་ཤེས་ཡོན་ཅན་དང་ཆེད་ལས་པ་རྣམས་ཁོ་ན་མིན་པར་གཞུང་གི་སྲི་ཞུ་བའི་གྲས་སུའང་ཕྱི་རྒྱལ་དུ་གནས་སྤོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སྟེ། ༢༠༢༣་ལོར་འབྲུག་གཞུང་གི་སྲི་ཞུ་བ་༤༨༠༠་ཐམ་པས་རྩ་དགོངས་ཞུས། ༢༠༢༢་ལོར་འབྲུག་གཞུང་གི་སྲི་ཞུ་བ་༡༥༠༠་ཐམ་པས་རྩ་དགོངས་ཞུས་ཤིང་། ༢༠༢༣་ལོའི་ཕྱི་ཟླ་༨་པའི་མཚམས་སུ་འབྲུག་གཞུང་ལ་སྲི་ཞུ་བ་༢༩༢༠༠་ལས་མེད་པའི་གནས་ཚུལ་ཐོན་འདུག འབྲུག་ཡུལ་གྱི་ཁྲིམས་ཁང་དང་གཞུང་གཉེར་ཁེ་ལས་ཁག དཔལ་འབྱོར་དང་ཚོང་ལས་ཁག་འགོ་ཁྲིད། བློན་ཆེན་ཁག་དང་གཞུང་གི་སྲི་ཞུ་བ། དམག་དཔོན་སོགས་ཕལ་ཆེ་བར་རྒྱ་གར་ནས་སྦྱོང་བརྡར་ཐོབ། འབྲུག་ཡུལ་གྱི་སྲིད་གཞུང་དང་བློན་ཆེན་ཁག་ལ་འཕོ་འགྱུར་ཐེབས་ཀྱང་རྒྱ་གར་དུ་སློབ་སྦྱོང་བྱས་པའི་ཤེས་ཡོན་ཅན་ཚོས་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་འཛིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ལོ་ལྔ་ཚན་༡༣་པའི་དཔལ་འབྱོར་འཆར་གཞིའི་ཁོངས་སུ་འབྲུག་ཡུལ་ལ་ཧིན་སྒོར་ཐེར་འབུམ་༡༠༠་ཐམ་པ་རོགས་རམ་སྤྲོད་རྒྱུའི་ཐག་བཅད། རྒྱ་གར་གྱི་ལོ་ལྔ་ཚན་དཔལ་འབྱོར་འཆར་གཞི་སྔོན་མ་གཉིས་ཀྱི་ནང་དུ་འབྲུག་ཡུལ་ལ་ཧིན་སྒོར་ཐེར་འབུམ་༤༥་རེ་སྤྲད། འབྲུག་གཞུང་གིས་དགེ་ལེགས་ཕུག་ཏུ་དཔལ་འབྱོར་དམིགས་བསལ་ས་ཁུལ་ཞིག་འཛུགས་སྐྲུན་བྱ་རྒྱུའི་ཐག་བཅད་པ་དེའི་ནང་དུ་རྒྱ་གར་གྱིས་མ་རྩ་བཙུགས། འབྲུག་ཡུལ་གྱི་དཔལ་འབྱོར་སླར་གསོ་བྱེད་པར་རྒྱ་གར་གཞུང་གིས་ཧིན་སྒོར་དུང་ཕྱུར་༡༥༠་ཐམ་པ་རོགས་རམ་སྤྲོད་རྒྱུའི་འཆར་གཞི་ཡོད་ཀྱང་འབྲུག་པ་ཚོ་ཕྱི་རྒྱལ་ལ་གནས་སྤོར་བྱེད་ཀྱི་ཡོད་པ་འགོག་ཐུབ་རྒྱུ་ཡིན་མིན། ཨོ་གླིང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འབྲུག་པའི་ཤེས་ཡོན་ཅན་ཚོར་ཐོབ་ཀྱི་ཡོད་པའི་ལས་ཀའི་གོ་སྐབས་དང་འཚོ་བའི་མཐུན་རྐྱེན་རྣམས་འབྲུག་ཡུལ་དུ་འཐོབ་རྒྱུ་ཡིན་མིན་རྣམས་གནད་འགག་ཅིག་ཏུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG