ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༨

རྒྱ་གར་གྱི་སྲིད་བློན་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས།


འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་རྒྱ་གར་གྱི་སྲིད་བློན་ནེ་རན་ཌ་མོ་དྷི་ བཙུན་མོ་ཨ་ཞེ་རྗེ་བཙུན་པདྨ་བཅས། ༢༠༡༤
འབྲུག་གི་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་དང་རྒྱ་གར་གྱི་སྲིད་བློན་ནེ་རན་ཌ་མོ་དྷི་ བཙུན་མོ་ཨ་ཞེ་རྗེ་བཙུན་པདྨ་བཅས། ༢༠༡༤

༄༅།། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གིས་སྲིད་བློན་མོ་དྷི་ཕྱི་ཚེས་༢༡་ནས་༢༢་བར་དུ་ཉིན་གཉིས་ལ་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ཀྱི་ཡོད། ད་ཐེངས་ཀྱི་འཚམས་འདྲི་འདིས་སྲིད་བློན་མོ་དྷིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གཙིགས་སུ་འཛིན་པའི་སྲིད་ཇུས་མཚོན་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ། ཕྱི་ཟླ་༣་པའི་ཚེས་༢༠་ཉིན་རྒྱ་གར་གྱི་བརྙན་འཕྲིན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་མོ་དྷི་གཟའ་ཕུར་བུ་དང་པ་སངས་གཉིས་ལ་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ཕྱི་ཟླ་༣་པའི་ཚེས་༡༤་ནས་༡༨་བར་དུ་རྒྱ་གར་ལ་འཚམས་འདྲིར་ཕེབས་པར་ལན་འཇལ་གྱི་འཚམས་འདྲི་ཞིག་རེད། འབྲུག་ཡུལ་གྱི་སྲིད་བློན་དང་རྒྱལ་པོ་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག རྒྱལ་ཐོག་བཞི་པ་འཇིགས་མེད་སེངྒེ་དབང་ཕྱུག་བཅས་ཀྱིས་སྲིད་བློན་མོ་དྷིར་མཇལ་འཕྲད་གྲོས་མོལ་གནང་གི་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག

ཉམས་ཞིབ་པ་ཚོས་ལོ་འདིར་རྒྱ་གར་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། འོས་བསྡུའི་ལས་འགུལ་སྤེལ་བཞིན་པའི་སྐབས་སུ་སྲིད་བློན་མོ་དྷི་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་ནི་ལོ་བཅོ་ལྔའི་ནང་དུ་བྱུང་མྱོང་མེད་པ་ཞིག་རེད། ༢༠༠༩་ལོར་རྒྱ་གར་ལ་སྤྱི་ཡོངས་འདེམས་བྱ་རྒྱུའི་ཚེས་གྲངས་གཏན་འབེབས་བྱུང་བའི་རྗེས་སུ་སྐབས་དེའི་སྲིད་བློན་མན་མོ་ཧན་སིང་དབྱིན་ཡུལ་དུ་ཚོགས་པའི་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་༢༠་ཐམ་པའི་ཚོགས་ཆེན་ལ་ཕེབས་འདུག ད་ལོའི་ཕྱི་ཟླ་༤་པའི་ཚེས་༡༩་ནས་ཕྱི་ཟླ་༦་པའི་ཚེས་༤་བར་དུ་རྒྱ་གར་ལ་སྤྱི་ཡོངས་འོས་བསྡུ་བྱེད་ཀྱི་ཡོད་པས་སྲིད་བློན་མོ་དྷི་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་གནད་འགག་ཆེན་པོ་ཞིག་ཡིན་ཤས་ཆེ། ཉེ་ཆར་འབྲུག་ཡུལ་གྱི་སྲིད་བློན་རྒྱ་གར་ལ་འཚམས་དྲིར་ཕེབས་པའི་སྐབས་སུ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལས་གཞི་ཁག་ལ་བསྐྱར་ཞིབ་བྱས་ནས་ཡར་རྒྱས་གཏོང་རྒྱུ་ཡིན་ཞེས་བསྒྲགས་པ་བསྐྱར་ཟློས་བྱ་སྲིད་ཅེས་དཔྱད་བརྗོད་སྤེལ་འདུག

རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ ༢༠༡༣
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་ ༢༠༡༣

སྲིད་བློན་མོ་དྷི་དང་སྲིད་བློན་ཚེ་རིང་སྟོབས་རྒྱལ་གཉིས་ནས་འབྲུག་ཡུལ་གྱི་རྨང་གཞིའི་མཐུན་རྐྱེན་འཛུགས་སྐྲུན་དང་འབྲེལ་མཐུད། རང་བྱུང་གི་ནུས་པ་དང་ཆུ་ཤུགས་གློག་ཁང་འཛུགས་སྐྲུན་སོགས་ལ་སྔར་ལས་མཉམ་འབྲེལ་དམ་ཟབ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ཤས་ཆེ། ཁ་སྔོན་ཕྱི་ཟླ་དང་པོའི་ནང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་མོ་ཧན་ཀ་ཝ་ཏྲ་འབྲུག་ཡུལ་ལ་ཉིན་༣་གྱི་འཚམས་འདྲིར་ཕེབས་ཏེ་སྲིད་བློན་གསར་པ་ཚེ་རིང་སྟོབས་རྒྱལ་གྱིས་འགོ་ཁྲིད་པའི་སྲིད་གཞུང་གི་ལས་སྣེ་ཚོར་ཐུག་འཕྲད་གྲོས་མོལ་བྱས་ཤིང་། ཟླ་བ་ལྔའི་གོང་དུ་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་པེ་ཅིང་དུ་ཐུག་འཕྲད་གྲོས་མོལ་བྱུང་། འབྲུག་ཡུལ་དང་རྒྱ་ནག་གིས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་དང་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱས་པར་རྒྱ་གར་དོགས་འདྲོག་ཆེན་པོ་ལངས།།

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་

ཕྱི་ཟླ་༣་པའི་ཚེས་༢༠་ཉིན་རྒྱ་གར་གྱི་གོ་ལའི་སི་ཊྲ་ཊ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་བློན་མོ་དྷི་དང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སོགས་འབྲུག་ཡུལ་དུ་འཚམས་འདྲིར་ཕེབས་ཀྱི་ཡོད་པ་རྒྱ་ནག་གིས་འབྲུག་ཡུལ་ལ་ཤུགས་རྐྱེན་ཐེབས། འབྲུག་ཡུལ་དང་རྒྱ་ནག་གིས་བོད་འབྲུག་ས་མཚམས་ཀྱི་རྩོད་གཞི་ཁག་གླེང་། རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་དེར་རྒྱ་གར་མཉམ་ཞུགས་བྱེད་ཐུབ་ཀྱི་མེད་པ་སོགས་ལ་འབྲེལ་བ་ཡོད་སྲིད། ལྷག་པར་དུ་འབྲོག་ལམ་གྱི་བདག་དབང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་འདུག ༢༠༡༧་ལོར་རྒྱ་ནག་གིས་འབྲོག་ལམ་ཕྱོགས་སུ་རྒྱ་ལམ་འཛུགས་བྱས་པ་འགོག་ཐབས་སུ་རྒྱ་གར་གྱི་དམག་དྲངས། ཉི་མ་༧༣་ལ་རྒྱ་དཀར་ནག་གཉིས་ཀྱིས་དམག་གྲ་བསྒྲིགས། མཐར་རྒྱ་དཀར་ནག་གི་དམག་དཔུང་རྣམས་ཧིན་བོད་ས་མཚམས་ནས་ཕྱིར་འཐེན་བྱས་ཏེ་དམག་འཁྲུག་རྒྱག་རྒྱུ་གཡོལ་ཐུབ་ཙམ་བྱུང་།།

འབྲོག་ལམ་ནི་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་སུ་ཆགས་ཡོད་པར་མ་ཟད། འབྲོག་ལམ་རྒྱ་གར་གྱི་ཤི་རི་གུ་རིའི་འགག་འཕྲང་དོག་པོ་སྟེ། ཁྱིམ་བྱའི་སྐེ་དབྱིབས་ཞེས་འབོད་པའི་འགག་འཕྲང་དེར་བར་ཐག་ཤིང་ཏུ་ཉེ་ཞིང་། འབྲོག་ལམ་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པ་དང་ནམ་ཞིག་རྒྱ་དཀར་ནག་གཉིས་ཀྱིས་དམག་འཁྲུག་རྒྱག་དགོས་བྱུང་ཚེ། རྒྱ་ནག་གིས་ཤི་རི་གུ་རིའི་འགག་འཕྲང་དོག་མོ་དེ་བཀག་སྟེ་རྒྱ་གར་གྱི་སྐམ་ས་ཆེན་མོ་དང་བྱང་ཤར་མངའ་སྡེ་ཁག་གི་འབྲེལ་མཚམས་གཅོད་ཐུབ། རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཚོས་རྒྱ་ནག་དང་འབྲུག་ཡུལ་གྱི་ས་མཚམས་གྲོས་མོལ་ལ་གྲུབ་འབྲས་ཐོན་གྱི་མི་འདུག་ཟེར་མོད། འོན་ཀྱང་སྲིད་བློན་མོ་དྷིས་འབྲུག་ཡུལ་གྱི་མཐོ་རིམ་འགོ་ཁྲིད་ཚོར་རྒྱ་ནག་ལ་ས་མཚམས་ཀྱི་གནད་དོན་ཐད་གྲོས་སྡུར་ཅི་ཞིག་བྱས་ཀྱང་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་བློས་གཏོང་མི་ཉན་ཞེས་ནན་སྐུལ་བྱ་འཆར་འདུག་ཅེས་གནས་ཚུལ་སྤེལ་འདུག

སྲིད་དོན་ཉམས་ཞིབ་པ་ཚོས་འབྲུག་ཡུལ་ལ་དམག་མི་༨༠༠༠་ཡོད་པ་དང་ལོ་རེའི་རྒྱལ་སྲུང་འགྲོ་གྲོན་ཨ་སྒོར་ས་ཡ་༢༥་ལས་མེད་པས་རྒྱ་ནག་ལ་ནམ་ཡང་ཁ་གཏད་མི་ཁྱོགས། རྒྱ་གར་གྱི་སྔ་མོ་ནས་འབྲུག་ཡུལ་གྱི་དམག་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་སྲིད་བློན་མོ་དྷིའི་འཚམས་འདྲིའི་སྐབས་སུ་ཤུགས་ཆེ་རུ་གཏོང་རྒྱུའི་གྲོས་སྡུར་བྱ་རྒྱུ་ཡིན་ནམ། སྔ་ལོ་འབྲུག་གཞུང་གིས་དགེ་ལེགས་ཕུག་ཏུ་དཔལ་འབྱོར་དམིགས་བསལ་ས་ཁུལ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་རྒྱ་གར་འབྲུག་ཡུལ་གྱི་ལས་གཞི་དེར་མཉམ་ཞུགས་བྱ་རྒྱུའི་གྲོས་མཐུན་བཞག དགེ་ལེགས་ཕུག་ལ་གནམ་ཐང་དང་མེ་འཁོར་ལྕགས་ལམ། རྒྱ་ལམ་སོགས་འཛུགས་སྐྲུན་བྱེད་པར་རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་མ་རྩ་འཛུགས་དགོས། རྒྱ་གར་གྱི་བཟོ་ཚོང་ལས་ཁུངས་ཁག་གིས་མ་རྩ་བཙུགས་ན་འབྲུག་ཡུལ་དུ་རྒྱལ་སྤྱིའི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཡོང་ཐུབ་པས་ལས་གཞི་དེ་ལག་ལེན་བསྟར་ཕྱོགས་སུ་བཀའ་མོལ་གནང་སྲིད་ཅེས་ཚོད་དཔག་བྱས་འདུག

སྲིད་བློན་ཚེ་རིང་སྟོབས་རྒྱལ་དང་སྲིད་བློན་མོ་དྷི་
སྲིད་བློན་ཚེ་རིང་སྟོབས་རྒྱལ་དང་སྲིད་བློན་མོ་དྷི་

ཕྱི་ཟླ་༣་པའི་ཚེས་༡༩་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བདུན་ཕྲག་སྔོན་མར་འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་རྒྱ་གར་ལ་འཚམས་འདྲིར་ཕེབས་པའི་དུས་སྐབས་ནི་འབྲུག་ཡུལ་གྱིས་རྒྱ་ནག་ལ་གྲོས་མོལ་བྱེད་བཞིན་པའི་རྒྱུད་རིམ་སྐབས་ཡིན་ཞིང་། དེ་ནི་འབྲུག་ཡུལ་གྱིས་རྒྱ་གར་ལ་འབྲེལ་བ་སྲ་བརྟན་འཛུགས་རྒྱུའི་དམིགས་ཡུལ་ཡང་རེད། འབྲུག་ཡུལ་གྱི་ཕྱི་སྲིད་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་རྒྱུའི་རྟགས་མཚན་འདུག་ཅེས་གནས་ཚུལ་སྤེལ། ལྟ་ཞིབ་ཉམས་ཞིབ་ཐེབས་རྩ་ཁང་གི་འཐབ་ཇུས་ཉམས་ཞིབ་པ་ཨ་ཌི་ཡ་གྷའོ་ད་ར་ཤིཝ་མུར་ཏིས་འབྲུག་ཡུལ་བཞི་མདོ་ཞིག་ཏུ་བསླེབས་འདུག འབྲུག་ཡུལ་གྱིས་ཕྱོགས་གཅིག་ནས་བྱང་ཕྱོགས་ཀྱི་བཙན་དྲག་ཆེ་བའི་ཁྱིམ་མཚེས་རྒྱལ་ཁབ་དེར་གྲོས་མོལ་བྱས་ནས་ས་མཚམས་དབྱེ་འབྱེད་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་འདུག འབྲུག་ཡུལ་གྱིས་ཕྱོགས་གཞན་དེར་རྒྱ་གར་ལ་མཉམ་འབྲེལ་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་འགྲིམ་འགྲུལ་མཐུད་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་བཀྲལ།།

ཉམས་ཞིབ་པ་ཨ་ཌི་ཡ་གྷའོ་ད་ར་ཤིཝ་མུར་ཏིས་མུ་མཐུད་དུ་བཤད་པ་ལྟར་ན། འབྲུག་ཡུལ་གྱིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་མ་བྱས་ཐབས་མེད་ཡིན་པ་དང་འབྲུག་ཡུལ་ལ་ཐབས་ལམ་གཞན་པ་མེད་པ་རྒྱ་གར་གྱིས་ཤེས་གསལ་རེད། རྒྱ་ནག་ལ་གྲོས་མོལ་བྱས་ནས་གྲུབ་འབྲས་ཐོན་པ་རྣམས་འབྲུག་གཞུང་གིས་སྦས་གསང་མེད་པར་རྒྱ་གར་ལ་ནང་མོལ་བྱས་ནས་གསལ་བཀྲོལ་བྱེད་ཀྱི་འདུག འབྲུག་གཞུང་གིས་རྒྱ་ནག་ལ་ས་མཚམས་ཀྱི་གྲོས་མོལ་འཕྲོ་སྐྱོང་བྱ་རྒྱུ་བརྗོད་ཅི་དགོས། རྒྱ་ནག་གི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ལ་འབྲུག་ཡུལ་གྱིས་སྣང་ཆུང་གཏོང་མི་ཕོད། འབྲུག་གཞུང་གིས་རྒྱ་གར་གྱི་ཁེ་ཕན་མི་འཆོར་བའི་ཐབས་ཇུས་ཤིག་བཟུང་ནས་རྒྱ་ནག་ལ་གྲོས་མོལ་བྱེད་ཀྱི་འདུག་ཅེས་གསལ་པོར་བསྟན། ༢༠༢༡་ལོར་རྒྱ་ནག་དང་འབྲུག་ཡུལ་གཉིས་ཀྱིས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱེད་པར་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ཞེས་པ་ཞིག་ལ་མིང་རྟགས་བཀོད་དོ།།

གླེང་སྟེགས།

XS
SM
MD
LG