ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༤/༡༧

འབྲུག་ཡུལ་གྱི་སྲིད་བློན་རྒྱ་གར་ལ་འཚམས་འདྲིར་ཕེབས་འཆར་འདུག


 འབྲུག་ཡུལ་གྱི་དྲག་ཤོས་ཚེ་རིང་སྟོབས་རྒྱལ་སྲིད་བློན་
འབྲུག་ཡུལ་གྱི་དྲག་ཤོས་ཚེ་རིང་སྟོབས་རྒྱལ་སྲིད་བློན་

༄༅།། འབྲུག་ཡུལ་གྱི་དྲག་ཤོས་ཚེ་རིང་སྟོབས་རྒྱལ་སྲིད་བློན་ལ་འདེམས་ཐོན་བྱུང་བའི་རྗེས་སུ་ཕྱི་རྒྱལ་གྱི་འཚམས་འདྲི་ཐེངས་དང་པོ་དེ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་ལ་ཕེབས་རྒྱུ་ཡིན་ཞིང་། ཕྱི་ཟླ་༣་པའི་ཚེས་༨་ཉིན་དེ་རིང་གི་རྒྱ་གར་ཞེས་པའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༡༥་ནས་༡༦་བར་དུ་སྲིད་བློན་ཚེ་རིང་སྟོབས་རྒྱལ་ཉིན་གཉིས་ལ་རྒྱ་གར་དུ་ཕེབས་ནས་སྲིད་བློན་མོ་དྷི་གཙོས་རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོར་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་དང་ཚོང་ལས་རྒྱ་སྐྱེད། པྲོག་དབྱིབས་ནད་ཡམས་དུས་སུ་འབྲུག་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་སླར་གསོ་བྱ་ཐབས། འབྲུག་ཡུལ་གྱི་སྲིད་གཞུང་སྔོན་མས་རྒྱ་ནག་ལ་ས་མཚམས་ཀྱི་གྲོས་མོལ་བྱས་ནས་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཐེབས། རྒྱ་ནག་དང་འབྲུག་ཡུལ་གྱི་གྲོས་མོལ་ལ་རྒྱ་གར་དོགས་འདྲོག་ཆེན་པོ་ལངས་ཡོད་པར་དོགས་སེལ་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་གྱི་སྲིད་བློན་ཚེ་རིང་སྟོབས་རྒྱལ་ནི་༢༠༡༣་ལོར་ཐེངས་དང་པོར་འདེམས་ཐོན་བྱུང་ནས་༢༠༡༨་བར་དུ་ཆབ་སྲིད་བསྐྱངས། ན་ནིང་ལོ་མཇུག་དེར་དྲག་ཤོས་ཚེ་རིང་སྟོབས་རྒྱལ་སླར་ཡང་སྲིད་བློན་ལ་བདམས་ནས་༢༠༢༤་ལོའི་ཕྱི་ཟླ་དང་པོ་ཚེས་༢༨་ནས་སྲིད་དབང་བཟུང་། བདུན་ཕྲག་རྗེས་མའི་གྲོས་མོལ་སྐབས་སུ་རྒྱ་གར་གཞུང་གིས་འབྲུལ་ཡུལ་གྱི་དཔལ་འབྱོར་སླར་གསོའི་ཐད་མ་རྩ་འཛུགས་རྒྱུ་དང་ལས་གཞི་༦༠༠་ལྷག་ལ་རྒྱབ་སྐྱོར་བྱ་རྒྱུ། འབྲུག་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ལ་རྒྱ་གར་གྱིས་འགན་ཁུར་ཆེ་ཙམ་ལེན་རྒྱུའི་གྲོས་སྡུར་བྱ་རྒྱུའི་ཚོད་དཔག་བྱས་འདུག རྒྱ་གར་གྱི་རྒྱབ་སྐྱོར་འོག་སྲིད་བློན་ཚེ་རིང་སྟོབས་རྒྱལ་ནས་འབྲུག་ཡུལ་གྱི་དཔལ་འབྱོར་སླར་གསོ་བྱེད་པར་ཧིན་སྒོར་དུང་ཕྱུར་༡༥༠་ཐམ་པའི་ལས་གཞི་ཞིག་མགོ་བརྩམས། ཕྱི་ཟླ་༢་པའི་ཚེས་༢༩་ཉིན་སྲིད་བློན་ཚེ་རིང་སྟོབས་རྒྱལ་གྱིས་ལས་གཞི་གསར་པ་དེ་རྣམས་གསལ་བསྒྲགས་སྤེལ།།

རྒྱ་གར་ལ་མཚོན་ན་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལྡི་ལི་གསར་པར་ཕེབས་ནས་དོགས་སེལ་བྱ་རྒྱུ་དགོས་ངེས་ཤིག་ཏུ་གྱུར་ཡོད་པ་སྟེ། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀྱིས་ཐད་ཀར་བོད་འབྲུག་ས་མཚམས་ཀྱི་རྩོད་གཞི་རྣམས་ཐག་གཅོད་བྱ་རྒྱུའི་གྲོས་མོལ་བྱེད་ཀྱི་ཡོད་པས་གྲོས་མོལ་དེ་རྒྱ་གར་གྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་དམ་ཟབ་ཆགས་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲིའི་སྐབས་སུ་སྲིད་བློན་ཚེ་རིང་སྟོབས་རྒྱལ་ལ་འབྲུག་ཡུལ་གྱིས་རྒྱ་གར་ཨང་དང་པོར་འཛིན་གྱི་ཡོད་པ་བསྐྱར་ཟློས་བྱས་ཏེ་དཔལ་འབྱོར་དང་ས་ཁམས་ཆབ་སྲིད། ལྷོ་ཨེ་ཤི་ཡར་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་གཏོང་རྒྱུ་སོགས་ལ་གྲོས་མོལ་བྱེད་པའི་གོ་སྐབས་ཤིག་འཐོབ་ཤས་ཆེ། ཉེ་ཆར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་མོ་ཧན་ཀ་ཝ་ཏྲ་འབྲུག་ཡུལ་དུ་ཕེབས་ནས་གནད་དོན་སྣ་མང་ཞིག་ལ་གྲོས་མོལ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་མོ་ཧན་ཀ་ཝ་ཏྲ་འབྲུག་ཡུལ་དུ་ཕེབས་
རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝི་ནེ་མོ་ཧན་ཀ་ཝ་ཏྲ་འབྲུག་ཡུལ་དུ་ཕེབས་

ཕྱི་ཚེས་༣་པའི་ཚེས་༡་ཉིན་ཊིབ་ལོ་མེ་ཊི་དུས་དེབ་ལ་པ་སངས་རྡོ་རྗེ་ཞེས་པ་ཞིག་གིས་རྩོམ་ཡིག་བྲིས་པ་ལྟར་ན། འབྲུག་ཡུལ་ལ་དམངས་གཙོའི་འོས་བསྡུ་ཐེངས་༤་པ་བྱས་ནས་སྲིད་གཞུང་གསར་པ་ཞིག་ཚུགས། ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་ཉམས་ཞིབ་པ་ཚོས་འབྲུག་ཡུལ་ལ་དོ་སྣང་བྱ་དགོས། འབྲུག་ཡུལ་རྒྱལ་ཁབ་ཆུང་བ་དང་གདམ་ཀ་ཉུང་བ་བདེན་པ་རེད། འབྲུག་ཡུལ་ལ་རང་གི་འཐབ་ཇུས་འཛིན་པའི་ཁོར་ཡུལ་མེད་ཀྱང་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱ་དཀར་ནག་གི་འགྲན་རྩོད་དེའི་སྟོབས་ཤུགས་སྙོམས་ཐུབ། ད་སྔ་འབྲུག་ཡུལ་གྱི་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་མེད་པ་དང་རྒྱ་གར་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་བཙུགས་ཡོད་ཀྱང་ཕྱོགས་གསུམ་གྱི་འབྲེལ་བ་དེ་མིག་ལམ་དུ་སྣང་བ་ལྟར་སྟབས་བདེ་ཞིག་ག་ལ་ཡིན། རྒྱལ་ཁབ་ཆུང་ཁག་ཐམས་ཅད་ཀྱིས་རང་གི་ཁེ་ཕན་དོན་དུ་ས་ཁམས་ཆབ་སྲིད་གང་འདྲ་ཞིག་འཛིན་དགོས་མིན་ཐག་མ་ཆོད་པར་ལུས་ཡོད་པ་ལྟར་འབྲུག་ཡུལ་ཡང་སོམ་ཉིའི་དྲྭ་བར་ཚུད་ཡོད་པ་གཅིག་མཚུངས་རེད་ཅེས་དཔྱད་བརྗོད་སྤེལ།།

རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ་བལ་ཡུལ་དང་སིངྒ་ལ། མལ་ཊིབ་སོགས་ཀྱིས་རྒྱ་ནག་ལ་འབྲེལ་བ་ཡག་ཏུ་བཏང་ན་རྒྱ་གར་ལ་རྒྱང་བཀྱེད། རྒྱ་གར་ལ་འབྲེལ་བ་ཡག་ཏུ་བཏང་ན་རྒྱ་ནག་ལ་རྒྱང་བཀྱེད་རྒྱ་དཀར་ནག་གཉིས་ཀར་འབྲེལ་བ་སྙོམས་པོ་ཞིག་འཛིན་དཀའ་བར་གྱུར། པ་སངས་རྡོ་རྗེའི་རྩོམ་ཡིག་ནང་དུ་འབྲུག་ཡུལ་གྱིས་རྒྱ་དཀར་ནག་གཉིས་ལ་འགལ་ཟླ་བསླངས་ནས་རང་གི་ཁེ་ཕན་སྒྲུབ་ཐབས་ཀྱི་ཕྱི་འབྲེལ་སྲིད་ཇུས་ཤིག་འཛིན་གྱི་མེད། འབྲུག་གཞུང་གིས་ཧི་མ་ལ་ཡའི་ལྗོངས་སུ་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་ཕྱོགས་གསུམ་གྱི་འབྲེལ་བ་བརྟན་པོ་ཞིག་ཚུགས་རྒྱུ། འབྲུག་ཡུལ་འཚོ་གནས་ཐུབ་མིན་ནི་རྒྱ་དཀར་ནག་གི་འབྲེལ་བ་ཡག་ཏུ་འགྲོ་ཐུབ་རྒྱུ་ཡིན་མིན་ལ་ཐུག་ཡོད་པ་ངོས་ཟིན་ཡོད། དེས་ན་འབྲུག་ཡུལ་གྱི་ཕྱི་སྲིད་ནི་རྒྱ་དཀར་ནག་གཉིས་ཀྱི་འགྲན་རྩོད་དང་འཁྲུག་རྩོད་ལ་གཞིགས་ནས་འཛིན་དགོས་པ་ཞིག་རེད་ཅེས་བསྟན།།

ཌིབ་ལོ་མེ་ཊི་དུས་དེབ་ལ་ཐོན་པའི་རྩོམ་ཡིག་དེའི་ནང་དུ་རྒྱ་ནག་གི་ཤུགས་རྐྱེན་ཆེ་རུ་ཕྱིན་ཏེ་ལྷོ་ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་ནི་བསྙོན་དཀའ། འབྲུག་ཡུལ་གྱིས་རྒྱ་ནག་ལ་ཕྱི་འབྲེལ་བཙུགས་ན་རྒྱ་དཀར་ནག་གཉིས་དང་འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་དགེ་མཚན་ཆེ། རྒྱ་ནག་ལ་ཐད་ཀར་གྲོས་མོལ་བྱས་པའི་སྐབས་སུ་རྒྱལ་ཁབ་གསུམ་གྱི་འབྲེལ་བའི་ནང་དུ་འབྲུག་ཡུལ་གྱི་ལངས་ཕྱོགས་ཅི་ཡིན་རྒྱ་ནག་ལ་གསལ་པོར་རྟོགས་ཐུབ། རྒྱ་གར་གྱིས་དོན་དངོས་ཀྱི་འགྱུར་བ་དེར་ངོས་ལེན་བྱེད་ཐུབ་རྒྱུར་དཀའ་ངལ་ཆེ་ཡང་ཕུགས་སུ་རྒྱ་གར་གྱི་ཁེ་ཕན་ལ་ཕན་ཐོགས་ཡོད། འབྲུག་ཡུལ་དང་རྒྱ་ནག་གི་འབྲེལ་བ་ཡག་པོ་དང་བརྟན་པོ་ཞིག་བྱུང་ཚེ། རྒྱ་དཀར་ནག་གཉིས་ཕན་ཚུན་ཡིད་ཆེས་མེད་པར་དོགས་པ་ཡོད་པ་སེལ་ཐུབ་པའི་ཆ་རྐྱེན་ཞིག་ཏུ་འགྱུར་སྲིད་ཅེས་བཀོད།།

ཁ་སྔོན་ཕྱི་ཟླ་༢་པའི་ཚེས་༢༠་ཉིན་རྒྱ་གར་གྱི་ཡིད་ཆེས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཕྱོགས་གཅིག་ནས་འབྲུག་ཡུལ་ལ་ས་མཚམས་ཀྱི་གྲོས་མོལ་བྱེད་ཀྱི་འདུག འོན་ཀྱང་ཕྱོགས་གཞན་དེར་ཕྱོགས་གཉིས་ཀྱི་རྩོད་གཞི་ཅན་དུ་གྱུར་པའི་མཐའ་མཚམས་ས་ཁུལ་ཞིག་ཏུ་རྒྱ་ནག་གིས་གྲོང་ཚོ་གསར་པ་འཛུགས་སྐྲུན་བྱས། བོད་འབྲུག་ས་མཚམས་ཀྱི་རྩོད་གཞི་ཆེ་བའི་ས་ཁུལ་དེར་རྒྱ་ནག་གིས་གྲོང་ཚོ་གསར་པ་༣་འཛུགས་སྐྲུན་བྱས་ནས་གྲོང་མི་༡༨་གནས་སྤོར་བྱེད་དུ་འཇུག་གི་འདུག རྒྱ་ནག་གིས་གྲོང་ཚོ་རྒྱ་སྐྱེད་གཏོང་གི་ཡོད་པ་ནི་དབུལ་སྐྱོབ་དང་རྒྱ་ནག་གི་བདེ་འཇགས་སྲུང་སྐྱོབ་གཉིས་ཀར་འབྲེལ་བ་ཡོད་ཅེས་དམར་ཤོག་ཚོགས་པའི་ལས་སྣེ་ཞིག་གིས་གསལ་བསྒྲགས་སྤེལ། གྲོང་མི་གསར་པ་ཚོས་ལག་ཏུ་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་འདྲ་པར་ཆེན་པོ་རེ་བཟུང་། ཁོ་ཚོའི་རྒྱབ་ལོགས་སུ་བོད་རྒྱའི་སྐད་ཡིག་གཉིས་སུ་དགའ་བསུ་ཞུ་ཞེས་འཁོད་པའི་འཕྲེད་དར་བཀལ་ཡོད་པའི་གནས་ཚུལ་ཐོན་འདུག

འབྲུག་ཡུལ་དང་རྒྱ་ནག་གིས་བོད་འབྲུག་ས་མཚམས་ཀྱི་གནད་དོན་ཁག་ལ་གྲོས་མོལ་བྱས་པར་རྒྱ་གར་དོགས་འདྲོག་ལངས་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་འབྲོག་ལམ་གྱི་བདག་དབང་ལ་ཐུག་ཡོད་པ་སྟེ། རྒྱ་ནག་གིས་བྱ་དཀར་ལུང་དང་དཔག་བསམ་ལུང་གཉིས་འབྲུག་ཡུལ་ལ་སྤྲད། འབྲུག་ཡུལ་གྱིས་འབྲོག་ལམ་རྒྱ་ནག་ལ་སྤྲོད་སྲིད། འབྲོག་ལམ་ནི་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་སུ་ཆགས་ཡོད་པར་མ་ཟད། རྒྱ་གར་གྱི་ཤི་རི་གུ་རིའི་ཁྱིམ་བྱའི་སྐེ་དབྱིབས་ལྟ་བུའི་འགག་འཕྲང་དོག་མོ་དེར་བར་ཐག་ཤིན་ཏུ་ཉེ་ཞིང་། གལ་སྲིད་རྒྱ་ནག་གིས་འབྲོག་ལམ་ཕྱོགས་ནས་དམག་བརྒྱབ་སྟེ་ཤི་རི་གུ་རིའི་འགག་འཕྲང་དོག་མོ་དེ་བཀག་ཚེ། རྒྱ་གར་གྱི་སྐམ་ས་ཆེན་མོ་དང་རྒྱ་གར་བྱང་ཤར་ཕྱོགས་ཀྱི་མངའ་སྡེ་ཁག་འབྲེལ་མཚམས་གཅོད་ཐུབ། དེར་བརྟེན་༢༠༡༧་ལོར་རྒྱ་ནག་གིས་འབྲོག་ལམ་ཕྱོགས་སུ་རྒྱ་ལམ་འཛུགས་སྐྲུན་བྱས་པའི་སྐབས་དེར་རྒྱ་གར་གྱིས་དམག་བཏང་ནས་ཉི་མ་༧༢་ལ་རྒྱ་དཀར་ནག་གཉིས་ཀས་དམག་འཁྲུག་རྒྱག་གྲབས་བྱས་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG