ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་དཀར་ནག་གཉིས་ཀས་དམག་འཁྲུག་འགོག་ཐབས་ལ་འབད་བརྩོན།


རྒྱ་གར་གྱི་དམག་མི་ལ་དྭགས་ཕྱོགས་ཀྱི་རྒྱལ་མཚམས་སུ་བསྐྱོད་བཞིན་པ། ༢༠༢༠།༦།༡༧
རྒྱ་གར་གྱི་དམག་མི་ལ་དྭགས་ཕྱོགས་ཀྱི་རྒྱལ་མཚམས་སུ་བསྐྱོད་བཞིན་པ། ༢༠༢༠།༦།༡༧

ཁ་སྔོན་གཟའ་ཟླ་བའི་དགོང་མོར་རྒྱ་དཀར་ནག་གཉིས་ཀྱིས་དངོས་སུ་སྟངས་འཛིན་བྱེད་ཡོད་པའི་ས་མཚམས་ཤིག་སྟེ། ལ་དྭགས་ཤར་ཕྱོགས་ཀྱི་གྷལ་ཝན་ལུང་གཤོང་དུ་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་སྟེ་རྡོ་དང་རྒྱུག་པ་གཞུས་ནས་རྒྱ་གར་གྱི་དམག་མི་༣་ལ་སྲོག་སྐྱོན་དང་མི་༡༧་ལ་རྨས་སྐྱོན་ཚབས་ཆེན་ཕོག ཧི་མ་ལ་ཡའི་མཐོ་སྒང་གི་གྲང་ངར་ཁྲོད་དུ་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་རྨས་སྐྱོན་ཕོག་པ་རྣམས་མྱུར་སྐྱོབ་དང་འཕྲལ་དུ་སྨན་བཅོས་བྱེད་མ་ཐུབ་པའི་སྟབས་ཀྱིས་ཐེངས་འདིའི་ལག་འཛིང་དུས་སུ་རྨས་སྐྱོན་ཕོག་པ་དེ་དག་ལའང་འཆི་སྐྱོན་བྱུང་སྟེ་ཁྱོན་བསྡོམས་རྒྱ་གར་གྱི་དམག་མི་༢༠་ཐམ་པར་སྲོག་སྐྱོན་ཕོག་འདུག རྒྱ་གར་གྱི་དམག་གིས་རྒྱ་ནག་གི་དམག་ལའང་འཆི་རྨས་བྱུང་ཡོད་ཅེས་བཤད་ཀྱང་རྒྱ་ནག་གཞུང་གིས་རང་གི་དམག་ལ་འཆི་རྨས་ཅི་ཙམ་བྱུང་མིན་གྱི་གནས་ཚུལ་གང་ཡང་གསལ་བསྒྲགས་བྱས་མེད་ཅིང་། རྒྱ་གར་གྱི་གསར་འགྱུར་ལས་ཁང་འགའ་ཞིག་གིས་གཟའ་ཟླ་བའི་དགོང་མོར་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་པའི་དུས་སུ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་༤༣་ནས་༤༥་ཡས་མས་ཤིག་ལ་འཆི་རྨས་བྱུང་འདུག རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལ་འཆི་རྨས་བྱུང་ཡོད་པའི་གནས་ཚུལ་དེ་རྒྱ་གར་གྱི་འབྲེལ་ཡོད་ཚན་པ་ཁག་གིས་རྒྱ་ནག་གི་དམག་དོན་མི་སྣ་ཚོས་ཕན་ཚུན་ཁ་པར་གཏོང་གི་ཡོད་པར་ལྐོག་ཉན་བྱས་ནས་ཤེས་རྟོགས་བྱུང་བ་རེད་ཅེས་བཤད། ཡིན་ནའང་རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་གར་གྱི་གསར་འགྱུར་ལས་ཁང་ཁག་གིས་རྒྱ་ནག་གི་དམག་ལ་འཆི་རྨས་བྱུང་བ་རེད་ཅེས་གསར་འགྱུར་སྤེལ་བ་དེར་ངེས་གཏན་བྱེད་ཐུབ་ཀྱི་མེད་པ་རེད།།

ད་ལྟ་རྒྱ་གར་མི་དམངས་ཀྱིས་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་གསོབ་གཟུགས་དང་འདྲ་པར་རྣམས་མེར་སྲེག་བཏང་སྟེ་ངོ་རྒོལ། རྒྱ་གར་གྱི་དཔའ་རྒོལ་དམག་དཔུང་རྣམ་པར་རྒྱལ་གྱུར་ཅིག་ཅེས་སྐད་འབོད། སྲིད་བློན་མོ་དྷིའི་གཞུང་གིས་རྒྱ་ནག་ལ་རྒོལ་ལན་སློག་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། རྒྱ་གར་གྱི་ཀོང་རེ་སི་ཕྱོགས་འགལ་ཚོགས་པའི་མཐོ་རིམ་འགོ་ཁྲིད་ར་ཧུལ་གྷན་དྷིས་སྲིད་བློན་མོ་དྷིས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཆང་ནས་ཡིབ་དགོས་དོན་ཅི་ཞིག་ཡིན་ནམ། དེ་ལ་ཚད་དང་ཚོད་ཅིག་དགོས་རྒྱུ་རེད། ང་ཚོས་ཅི་ཞིག་བྱུང་བ་རྣམས་ཤེས་དགོས་ཀྱི་འདུག རྒྱ་ནག་གིས་ང་ཚོའི་དམག་མི་བསད། ས་ཆ་བཙན་འཕྲོག་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་ནི་གཏམ་རྣ་བར་མི་འགྲོ་བ་ཞིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། སྲིད་བློན་མོ་དྷིས་རྒྱ་གར་གྱི་དམག་གི་ཚེ་སྲོག་ཤོར་པ་རྣམས་ནམ་ཡང་ཆུད་ཟོས་སུ་འགྲོ་མི་སྲིད་ཅེས་སྐྱོན་བརྗོད་ཁག་ལ་ལན་བཏབ། ཁ་སང་གཟའ་མིག་དམར་ནས་རྒྱ་གར་གཞུང་གིས་ཉིན་མཚན་མེད་པར་ལ་དྭགས་ཕྱོགས་སུ་དམག་དཔུང་ཁ་སྣོན་དང་ལྕགས་ཁྲབ་འཁོར་ལོའི་དཔུང་ཁག་གཏོང་བ། ཀ་ཤི་མིར་གྱི་ས་གནས་ཤིག་ཏུ་རྒྱ་ལམ་རྒྱ་བསྐྱེད་ནས་འཐབ་འཛིང་གནམ་གྲུ་རྣམས་འཕུར་འབབ་ཐུབ་པའི་འཛུགས་སྐྲུན་འགོ་འཛུགས། རྒྱ་གར་གྱི་ས་གནས་ཁག་ནས་ལ་དྭགས་ཕྱོགས་སུ་དམག་ལམ་འཛུགས་སྐྲུན་པ་མི་གྲངས་༦༤༠༠་ལྷག་བཏང་ཡོད་པར་མ་ཟད། རྒྱ་གར་གཞུང་གིས་ནུབ་མཚམས་དང་དཀྱིལ་མཚམས། ཤར་མཚམས་ཞེས་འབོད་པའི་ཤར་མཚམས་ཨ་རུ་ན་ཅལ་མངའ་སྡེ་དང་དཀྱིལ་མཚམས་ཧི་མ་ཅལ་དང་ཨུ་དྷར་ར་ཁན་མངའ་སྡེ་གཉིས་ཀྱི་མཐའ་མཚམས་ཁག་ཏུའང་དམག་དཔུང་ཁ་སྣོན་བཏང་ནས་དམག་འཁྲུག་གི་གྲ་སྒྲིག་བྱེད་ཀྱི་ཡོད་པ་རེད།།
སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་གིས་རྒྱ་དཀར་ནག་གི་ས་མཚམས་ཀྱི་འཁྲུག་རྩོད་འདི་དཀའ་ངལ་སྣོན་མ་དང་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱ་ས་གསར་པ་ཞིག་རེད། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་༡༢༠༠༠་ཡས་མས་ཤིག་ལ་འཆི་སྐྱོན་དང་མི་གྲངས་༣༥༤༠༠༠་ལྷག་ལ་ནད་མནར། རྒྱ་གར་རྒྱལ་ཡོངས་སུ་ཉིན་ལྟར་ཏོག་དབྱིབས་ནད་དུག་གི་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་སྲིད་བློན་མོ་དྷིའི་གཞུང་གིས་རིམས་ནད་སྔོན་འགོག་ནན་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་པའི་དུས་སྐབས་ཤིག་རེད། ཏོག་དབྱིབས་ནད་དུག་ཁྱབ་གདལ་མ་སོང་སྔོན་ནས་རྒྱ་གར་གྱི་དཔལ་འབྱོར་ཉམས་རྒུད་འགྲོ་འགོ་ཚུགས་ཡོད། ད་ལྟ་ཏོག་དབྱིབས་ནད་དུག་གིས་རྒྱ་གར་གྱི་དཔལ་འབྱོར་ཉམས་རྒུད་སྔར་ལས་ཇེ་སྡུག་ཏུ་བཏང་སོང་། ད་དུང་དེའི་ཐོག་ཏུ་པ་ཀི་སི་ཐན་གྱིས་རྒྱ་གར་ཕྱོགས་སུ་མེ་སྒྱོགས་བརྒྱབ་ནས་ས་མཚམས་ཀྱི་གྲོང་གསེབ་ཁག་ལ་རྒོལ་རྡུང་བྱེད་ཀྱི་འདུག རྒྱ་གར་དང་བལ་ཡུལ་གཉིས་ལའང་ས་མཚམས་ཀྱི་མངའ་ཁོངས་བདག་དབང་ཐོག་ཏུ་རྩོད་གླེང་བྱུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་ཡོད་པས་སྲིད་བློན་མོ་དྷིས་རྒྱ་ནག་དང་པ་ཀི་སི་ཐན། བལ་ཡུལ་བཅས་རྒྱལ་ཁབ་གསུམ་ལ་དུས་གཅིག་ཏུ་ཁ་གཏད་གཅོག་དགོས་པའི་དུས་ཤིག་ཤར་འདུག་ཅེས་ལྷོ་ཨེ་ཤི་ཡའི་ཉམས་ཞིབ་པ་ཨ་ལི་ས་ཨ་དབྱི་རི་སི་ཡིས་བཤད་འདུག ད་སྔ་སྲིད་བློན་མོ་དྷིས་རྒྱ་དཀར་ནག་གི་ས་མཚམས་ཁག་ཏུ་མི་གསོད་ཁྲག་སྦྱོར་བྱུང་བ་དང་ལག་འཛིང་། ཁ་འཛིང་ཐུག་པ་འདིར་དངོས་སུ་གླེང་སློང་གང་ཡང་བྱས་མེད་ཀྱང་གཟའ་པ་སངས་ཉིན་རྒྱ་གར་གྱི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོ་ཚོགས་འདུར་བསྐོངས་ནས་རྒྱ་དཀར་ནག་གི་ས་མཚམས་ཀྱི་ཛ་དྲག་གནས་སྟངས་ལ་གྲོས་བསྡུར་བྱ་འཆར་ཡོད་ཅེས་སྲིད་བློན་ལས་ཁུངས་ནས་གསལ་བསྒྲགས་སྤེལ་འདུག
རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་སྟོན་པ་དང་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཇཱེ་ཤན་ཁར་ལ་ཁ་པར་བཏང་སྟེ་ལག་འཛིང་དེའི་འབྱུང་རྐྱེན་ལ་རྒྱ་གར་གཞུང་གིས་ངེས་པར་དུ་ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱ་དགོས་པའི་འབོད་སྐུལ་ཞུས། རྒྱ་དཀར་ནག་གཉིས་ཀ་ཕྱོགས་ལྷུང་མེད་པར་ས་མཚམས་ཀྱི་དཀའ་ངལ་རྣམས་སེལ་ཐབས་བྱ་རྒྱུ། ཉེ་ཆར་ཕྱོགས་གཉིས་ཀྱི་དམག་དཔུང་བཀོད་འདོམས་པ་རིམ་པ་ཐུག་འཕྲད་གྲོས་མོལ་བྱུང་བའི་འབྲུ་དོན་ཁག་རྩ་འཛིན་བྱ་རྒྱུའི་གྲོས་མཐུན་བྱུང་ཡོད་ཅེས་བསྒྲགས། དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་ཀྱང་རྒྱ་དཀར་ནག་གི་དམག་དོན་མི་སྣ་དང་ཕྱི་འབྲེལ་མི་སྣ་བཅས་ཀྱི་འབྲེལ་མོལ་གང་ཐུབ་བྱེད་ཀྱི་ཡོད་ཅེས་བཤད། སྔ་ཉིན་དེར་ཀྲའོ་ལི་ཅན་གྱིས་རྒྱ་གར་གྱི་མཐའ་མཚམས་སྲུང་དམག་རྣམས་ས་མཚམས་བརྒལ་ནས་རྒྱ་ནག་གི་མངའ་ཁོངས་སུ་ཧམ་འཛུལ་བྱས་ནས་འཁྲུག་རྩོད་བསླངས་པ་རེད། ད་ཐེངས་ཀྱི་འཁྲུག་རྩོད་འདིའི་ལན་ཁག་མཐའ་དག་རྒྱ་གར་ལ་ཡོད་ཅེས་གསར་འགོད་པ་ཚོར་འགྲེལ་བཤད་བརྒྱབ། པེ་ཅིང་གི་དམག་དོན་ཉམས་ཞིབ་པ་ཝེ་ཏུང་ཤུས་རྒྱ་ནག་གི་དམག་གིས་རྒྱ་གར་གྱི་ཧམ་འཛུལ་ལ་རྒོལ་ལན་ཚུལ་བཞིན་སློག་པ་རེད། ས་མཚམས་ཀྱི་འཁྲུག་རྩོད་འདི་རྒྱ་ནག་གིས་བསླངས་མེད་པ་རྒྱ་གར་གཞུང་གིས་ཀྱང་ངོས་ཟིན་ཡོད། དེར་བརྟེན་རྒྱ་གར་ལ་འཁྲུག་རྩོད་འདི་ས་མཚམས་ཀྱི་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་དུ་འཇུག་འདོད་ཡོད་རྒྱུ་མ་རེད། ཁོ་ཚོས་རང་གི་དམག་ལ་སྟངས་འཛིན་དང་གྲོས་མོལ་གྱི་ལམ་ནས་དཀའ་ངལ་རྣམས་སེལ་ཐབས་བྱ་ངེས་རེད་ཅེས་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད།།

ཉམས་ཞིབ་པ་མང་པོ་ཞིག་གིས་གཟའ་ཟླ་བའི་དགོང་མོར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་གིས་མེ་མདའ་མ་བརྒྱབ་པ་དང་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོས་རྒོལ་གཏམ་དྲག་པོ་གཏོང་གི་མེད་པ། ལྡི་ལི་གསར་པ་དང་པེ་ཅིང་གཉིས་ཀས་འཛེམ་ཟོན་དང་བསམ་བློ་གཟབ་ནན་གཏོང་གི་ཡོད་པ་དེ་ལ་བལྟས་ན་ཕྱོགས་གཉིས་ཀར་གྷལ་ཝན་ལུང་གཤོང་གི་ལག་འཛིང་འདི་དམག་འཁྲུག་ཆེན་པོ་ཞིག་ལ་འགྱུར་དུ་འཇུག་འདོད་མེད་པའི་རྟགས་མཚན་རེད། རྒྱ་དཀར་ནག་གི་འཁྲུག་རྩོད་འདི་སྔར་བཞིན་ཞི་འཇམ་འགྲོ་རྒྱུའི་རྣམ་པ་འདུག་ཅེས་གླེང་། རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་རྒྱ་གར་གྱི་དམག་དོན་མི་སྣ་ཚོས་གསལ་བསྒྲགས་སྤེལ་བ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་སྲུང་དམག་རྣམས་འཁྲུག་རྩོད་འབྱུང་ས་དེ་ནས་ཅུང་ཙམ་ཕྱིར་འཐེན་བྱས་འདུག ད་ལྟ་པེ་ཅིང་དང་ལྡི་ལི་གསར་པའི་འབྲེལ་ཡོད་མི་སྣ་ཚོས་གསར་འགོད་གསལ་བསྒྲགས་སྤེལ་སྟངས་ལ་བལྟས་ན་ཕྱོགས་གཉིས་ཀར་དམག་འཁྲུག་རྒྱག་འདོད་མེད་པ་ར་འཕྲོད། རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་གིས་སྐོར་གཡེང་བྱེད་པའི་དུས་སུ་འཁྲུག་རྩོད་སྔོན་འགོག་ཆེད་དུ་མཚོན་ཆ་དང་མདེའུ་མཉམ་འཁྱེར་བྱེད་མི་ཆོག་པའི་གྲོས་མཐུན་བྱུང་ཡོད། ལམ་སྲོལ་འདིས་རྒྱ་དཀར་ནག་གཉིས་ཀས་རྟག་ཏུ་དམག་འཁྲུག་ལ་གཡོལ་ཐབས་ཀྱི་བསམ་བློ་གཟབ་ནན་གཏོང་གི་ཡོད་པ་མཚོན་ཐུབ་ཅེས་བཀོད། གཟའ་འཁོར་འདིར་རྒྱ་དཀར་ནག་གི་མཐའ་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་སྟེ་མི་ལ་སྲོག་སྐྱོན་བྱུང་བ་ནི་འདས་པའི་ལོ་༤༠་ལྷག་གི་རིང་དུ་བྱུང་མྱོང་མེད་པ་ཞིག་ཡིན་ཞིང་། རྒྱ་ནག་གི་རྒྱ་ཆེན་བསྐྱར་ཁང་གི་གཙོ་འཛིན་གཞོན་པ་ཐེན་ཧྲི་ཁྲེན་གྱིས་ཨ་མི་རི་ཀས་རྒྱ་ནག་བཀག་སྐྱིལ་བྱ་རྒྱུའི་གོ་སྐབས་ཤིག་མ་རྙེད་པར་བསྡད་ཡོད། རྒྱ་གར་གྱིས་ཕྱོགས་བསྒྲིགས་སྤངས་པའི་ལངས་ཕྱོགས་ཤིག་བཟུང་ཡོད་ཀྱང་ཐེངས་འདིའི་ས་མཚམས་ཀྱི་ལག་འཛིང་དེས་ཨ་མི་རི་ཀར་རྒྱ་དཀར་ནག་གི་འགལ་ཟླ་ཆེ་རུ་གཏོང་བའི་གོ་སྐབས་ཤིག་འཐོབ་སྲིད། འོན་ཀྱང་རྒྱ་གར་གྱིས་རང་གི་ཁེ་ཕན་ལ་གཞིགས་ནས་ཐག་གཅོད་མ་ནོར་བ་ཞིག་བྱ་དགོས། རྒྱ་དཀར་ནག་གཉིས་ཀྱིས་ངེས་པར་དུ་ཉེན་ཁ་འགོག་སྡོམ་དང་འཐབ་ཇུས་ཀྱི་འབྲེལ་མོལ། འཁྲུག་རྩོད་ཀྱི་རིགས་རྣམས་མགོ་མ་འབུས་གོང་དུ་དྲུངས་ནས་གཅོད་དགོས་ཞེས་ཉེན་བརྡ་མཚོན་པའི་འབོད་སྐུལ་ཞིག་ཞུས་འདུག

XS
SM
MD
LG