ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མཁས་པ་ཚོས་རྒྱ་གར་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་ཟེར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ལོ་འདིའི་ཕྱི་ཟླ་༥་པའི་མགོ་སྟོད་ནས་རྒྱ་ནག་གི་ས་མཚམས་སྲུང་དམག་གིས་ལ་དྭགས་ཀྱི་ཤར་ཕྱོགས་སུ་སིམ་འཛུལ་བྱས་ནས་ཕྱོགས་གཉིས་ཀྱི་མཐའ་མཚམས་སྲུང་དམག་རྣམས་གདོང་ཐུག་དང་ལག་འཛིང་འབྱུང་གི་ཡོད་ཅིང་། རྒྱ་དཀར་ནག་གི་གནད་དོན་དབྱེ་ཞིབ་པ་དང་ཉམས་ཞིབ་པ་ཚོས་རྒྱ་གར་གཞུང་གིས་འཛེམ་ཟོན་མེད་པར་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པའི་དུས་སུ་སླེབས་འདུག་ཅེས་གླེང་འདུག

བོད་དང་རྒྱ་དཀར་ནག་གི་གནད་དོན་དབྱེ་ཞིབ་མཁས་པ་ཁེ་ལོ་ཌི་ཨར་ཕི་ལ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་རྒྱ་དཀར་ནག་གི་ས་མཚམས་ཀྱི་རྩོད་གླེང་སོགས་ལ་བཅར་འདྲི་ཞུས། ཁོང་གིས་ད་ལྟ་སྔོན་དང་མི་འདྲ་བའི་ཛ་དྲག་ཆེ་རུ་འགྲོ་བཞིན་པ་ནི་གནད་འགག་ཅིག་རེད། ད་རེས་རྒྱ་ནག་གི་ས་མཚམས་སྲུང་དམག་གིས་སིམ་འཛུལ་བྱ་ཡུལ་གྷལ་ཝན་ལུང་གཤོང་གི་ས་ཚིགས་གཉིས་དང་དེ་བཞིན་ཀོན་ཁ་ལའི་ཉེ་ཁྲིས་ཀྱི་ཆུ་ཚན་ས་ཚིགས་གཉིས་ནི་རྩོད་གླེང་ཅི་ཡང་མེད་པར་རྒྱ་གར་ལ་བདག་དབང་ཡོད་པའི་ས་ཆ་ཞིག་ཏུ་གྱུར་ཡོད། ལྷག་པར་དུ་ཐེངས་འདིའི་རྩོད་གླེང་སྐབས་སུ་རྒྱ་ནག་གི་མཐའ་སྲུང་དམག་གིས་མཚོན་ཆ་གྲ་སྒྲིག་བྱེད་སྟངས་རྣམས་ཉེན་ཚབས་ཅན་ཞིག་ཡིན་པ་མངོན་རྒྱུ་འདུག དེར་བརྟེན་རྒྱ་གར་གཞུང་གིས་ཀྱང་འདས་པའི་ཉམས་མྱོང་ནས་བསླབ་བྱ་བླངས་ཏེ་རྒྱ་ནག་ལ་འཛེམ་ཟོན་མེད་པར་རྒྱལ་ཁབ་གཞན་ལྟར་གནོན་ཤུགས་སྤྲོད་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་བྱས་བྱུང་།།

ད་དུང་ཁོང་གིས་མུ་མཐུད་བརྗོད་དོན། རྒྱ་ནག་གིས་རྒྱ་གར་ལ་དཀའ་ངལ་འདིའི་རིགས་སྤྲོད་པའི་སྐབས་སུ་རྒྱ་གར་གཞུང་གིས་ཀྱང་སྔོན་ཆད་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གར་གྱི་དོན་གཅོད་ཁང་ཡོད་པ་བསྐྱར་དུ་སྒོ་འབྱེད་དུ་འཇུག་དགོས་ཞེས་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དཀའ་རྙོག་ལ་ཟླ་བ་གཅིག་ཡས་མས་ཤིག་གི་རིང་དུ་རྒྱལ་སྤྱི་དང་རྒྱལ་ནང་གཉིས་སུ་དོ་སྣང་ཤུགས་ཆེན་པོ་བྱུང་ཡོད་པར་མ་ཟད། ཁྱད་པར་དུ་ཨ་རིའི་ཕོ་བྲང་དཀར་པོས་རྒྱ་ནག་གི་སིམ་འཛུལ་དེ་ཚོར་སེམས་འཚབ་ཆེན་པོ་ཡོད། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་ཁྲིམས་མཐུན་རྩ་འཛིན་ཁག་ལ་གུས་བརྩི་ཞུས་ནས་ས་མཚམས་ཀྱི་གནད་དོན་སེལ་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་ཅེས་བརྗོད།།

ཐེངས་འདིའི་རྒྱ་དཀར་ནག་གི་ས་མཚམས་རྩོད་གླེང་བྱུང་བའི་དུས་སུ་རྒྱ་གར་དང་བོད་པའི་ཆབ་སྲིད་ཀྱི་གནད་ཡོད་མི་སྣ་ཁག གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས་བོད་དོན་ནི་རྒྱ་དཀར་ནག་གི་འགལ་ཟླ་སེལ་བའི་ལྡེ་མིག་ལྟ་བུ་ཞིག་ཡིན་ཞེས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག རྒྱ་གར་གྱི་སྙན་གྲགས་ཆེ་བའི་ཇཱ་ཝ་ལ་ནེ་རུ་གཙུག་ལག་སློབ་གྲྭའི་འབུམ་རམས་པའི་སློབ་གཉེར་བ་ཨ་ཕ་ལྷ་མོས་རྒྱ་དཀར་ནག་གི་ས་མཚམས་རྩོད་གླེང་ལ་རྩོམ་ཡིག་ཅིག་བྲིས། ཁོ་མོས་ཇི་སྲིད་རྒྱ་གར་གཞུང་གི་བོད་དེ་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་ཡོགས་གྲགས་སུ་བསྒྲགས་ནས་སྲིད་ཇུས་ལ་བསྐྱར་ཞིབ་མ་བྱས་བར་དུ་རྒྱ་དཀར་ནག་གཉིས་ལ་མུ་མཐུད་དུ་ས་མཚམས་ཀྱི་རྩོད་གཞི་ཡོད་ཡོད་པ་རེད། དེང་སྐབས་ཏོག་དབྱིབས་ནད་དུག་ལ་བརྟེན་ནས་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་དེར་བསྐྱར་ཞིབ་བྱ་དགོས་མིན་བསམ་ཞིབ་བྱེད་བཞིན་པའི་སྒང་ཡིན་པས་རྒྱ་གར་གྱིས་ཀྱང་གནད་འགག་ཆེ་བའི་གོ་སྐབས་འདི་དམ་འཛིན་བྱ་དགོས། རྒྱ་ནག་གིས་ཐེངས་འདི་གཅིག་པུ་མིན་པར་༢༠༡༧་ལོར་འབྲོག་ལམ་དང་༢༠༡༤་ལོར་རྟ་མཆོག ༢༠༡༣་ལོར་ཆུ་དམར་བཅས་ཀྱི་ས་མཚམས་ཁག་ཏུ་ཧམ་འཛུལ་གྱིས་རྩོད་གླེང་སྔ་རྗེས་ལན་མང་བསླངས་པ་རེད་ཅེས་བཀོད།།

བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་རྒྱ་དཀར་ནག་གི་ས་མཚམས་ཉམས་ཞིབ་པ་ཚེ་དབང་རྡོ་རྗེས་རྒྱ་ནག་གིས་རྒྱ་གར་གྱི་ས་མཚམས་ཙམ་མ་ཟད། ལྷོ་རྒྱ་ནག་རྒྱ་མཚོ་དང་ཧོ་ཀོང་། དེ་བཞིན་ཐེ་ཝན་སོགས་རྒྱལ་ཁབ་མང་པོར་སུན་པོ་བཟོ་བཞིན་འདུག རྒྱ་ནག་གིས་དེ་ལྟར་བྱེད་དགོས་དོན་ནི་ཏོག་དབྱིབས་ནད་དུག་གིས་རྒྱ་ནག་གི་ཆབ་སྲིད་དང་སྤྱི་ཚོགས་ཧྲིལ་པོ་བརྟན་ལྷིང་མེད་པར་གྱུར་ཡོད་པས་སྲིད་གཞུང་གིས་མི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་སྒྱུར་ཐབས་སུ་འཐབ་ཇུས་རྙིང་པ་ཞིག་ལག་བསྟར་བྱེད་ཀྱི་ཡོད་པ་རེད།།

འདས་པའི་ཟླ་བ་གཅིག་ལྷག་ལ་རྒྱ་དཀར་ནག་གི་ས་མཚམས་སྲུང་དམག་རྣམས་གདོང་ཐུག་བྱུང་། མཐར་ཉིན་ཁ་ཤས་གོང་སྟེ། ཟླ་བ་འདིའི་ཕྱི་ཚེས་༦་ནས་ཕྱོགས་གཉིས་ཀྱི་མཐོ་རིམ་དམག་དོན་མི་སྣ་ཚོས་ཞི་འགྲིག་གི་གྲོས་མོལ་བྱས་མོད། འོན་ཀྱང་ཁ་སང་ཕྱི་ཚེས་༡༥་ཉིན་གྱི་ཕྱི་དྲོར་རྒྱ་དཀར་ནག་གི་ས་མཚམས་སྲུང་དམག་རྣམས་ལག་འཛིང་ཐུག་འདུག སྐབས་དེར་རྒྱ་གར་ཕྱོགས་ནས་འཕྲེད་དར་འཕྱར་ཏེ་ཞི་འགྲིག་ཡོང་ཐབས་བྱས་ཀྱང་ཕྱོགས་གཉིས་ཀས་ཕན་ཚུན་ལག་རྡོ་འཕེན་རེས་བྱས་ནས་རྒྱ་གར་གྱི་དམག་དཔོན་ཞིག་དང་དམག་མི་དཀྱུས་མ་གཉིས་བཅས་མི་གསུམ་རྐྱེན་འདས་སུ་གྱུར་འདུག རྒྱ་ནག་ལ་གནས་ཚུལ་འདི་སྦས་གསང་བྱེད་སྲོལ་ཡོད་ཀྱང་ཁ་སང་གི་འཁྲུག་འཛིང་དུས་སུ་རྒྱ་ནག་གི་མཐའ་མཚམས་སྲུང་དམག་ལའང་འཆི་རྨས་བྱུང་ཡོད་ངེས་རེད་ཅེས་ཚོད་དཔག་བྱེད་ཀྱི་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG