ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་སྲིད་འཛིན་ཊམ་མཉམ་ཞུགས་བྱ་རྒྱུ་མིན་པ། 


༄༅།། ཕྱི་ཟླ་དང་པོའི་ཚེས་༨་ཉིན་སྲིད་འཛིན་ཊམ་གྱིས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་ང་ལ་སྐད་ཆ་འདྲི་མཁན་ཚང་མར་ཞུ་རྒྱུ་ཞིག་ལ་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་གྱི་ཁྲི་སྟོན་མཛད་སྒོ་དེར་ང་མཉམ་ཞུགས་བྱ་རྒྱུ་མིན་ཞེས་བཀོད། འདི་ནི་ཨ་མི་རི་ཀའི་ལོ་རྒྱུས་སུ་ལས་ཐོག་སྲིད་འཛིན་ཞིག་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་མཉམ་ཞུགས་མ་བྱས་པ་ཐེངས་བཞི་པ་དེར་འགྱུར་རྒྱུ་ཡིན་འདུག ད་སྔ་ཨ་རིའི་སྲིད་འཛིན་གཉིས་པ་ཇཱོན་ཨེ་ཌམ་སི་དང་སྲིད་འཛིན་ལྔ་པ་ཇཱོན་ཁུན་སི་ཨེ་ཌམ་སི། སྲིད་འཛིན་བཅུ་བདུན་པ་ཨན་ཌི་རིའུ་ཇཱོན་སན་གསུམ་རང་རང་གི་རྗེས་འཛིན་པའི་ཁྲི་སྟོན་མཛད་སྒོ་ཁག་ལ་མཉམ་ཞུགས་བྱས་མེད་ཅིང་། ཨ་རིའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཟླ་བ་གཉིས་ཀྱི་སྔོན་དུ་ཨ་མི་རི་ཀའི་ཆེ་མཐོང་དང་རྒྱལ་ཁབ་ཀྱི་གཟི་བརྗོད་ལ་བསམ་བློ་བཏང་ཚེ། ངའི་ཁྲི་སྟོན་མཛད་སྒོར་ཌོ་ནལ་ཊམ་མཉམ་ཞུགས་བྱས་ན་གཞན་གྱི་མཐོང་སྣང་ལ་དགེ་མཚན་འདུག འོན་ཀྱང་ང་རང་སྒེར་ལ་མཚོན་ན་ཌོ་ནལ་ཊམ་ངའི་ཁྲི་སྟོན་མཛད་སྒོར་མཉམ་ཞུགས་བྱས་དང་མཉམ་ཞུགས་མ་བྱས་གཉིས་ལ་ཁྱད་པར་ཅི་ཡང་མེད་ཅེས་ལན་བཏབ། གཟའ་པ་སངས་ཀྱི་ཕྱི་དྲོར་ཇཱོ་བྷན་ཌན་གྱིས་ངའི་ཁྲི་སྟོན་མཛད་སྒོར་ཌོ་ནལ་ཊམ་མ་ཞུགས་ན་ཤིན་ཏུ་ལེགས། ཁོ་པ་ཁྲི་སྟོན་མཛད་སྒོར་ཞུགས་ན་ཨ་མི་རི་ཀའི་མཚན་ཤས་སུ་འགྲོ་ས་རེད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་སོང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཇཱོ་བྷ་ཌན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འདུག་ཅེས་མཐའ་མའི་ངེས་གཏན་བྱས་པའི་རྗེས་སུ་ཌོ་ནལ་ཊམ་གྱིས་ཀྱང་གཟའ་ཕུར་བུའི་ཐོ་རེས་སུ་འཕྲིན་ཐུང་ཞིག་སྤེལ་ནས་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་ཞི་བའི་སྒོ་ནས་སྲིད་དབང་རྩིས་སྤྲོད་བྱ་རྒྱུ་ཡིན་ཞེས་ཕམ་ཉེས་ངོས་ལེན་བྱས་འདུག

ཕྱི་ཟླ་དང་པོའི་ཚེས་༦་ཉིན་སྲིད་འཛིན་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ཨ་རིའི་གྲོས་ཚོགས་ཁང་དུ་དཔུང་སྐྱོད་བྱ་དགོས་ཞེས་སྐུལ་ལྕང་བཏང་བ་ལྟར་དཔུང་ཚོགས་ཤིག་གིས་ཨ་རིའི་གྲོས་ཚོགས་ཁང་ལ་དཔུང་འཛུལ་དང་གཏོར་བཅོམ་བྱས་ནས་བཟུང་། ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མཐོ་རིམ་ལས་སྣེ་མང་དག་ཅིག་གིས་ངོ་རྒོལ་དང་ལས་གནས་རྩ་དགོངས་ཞུས། ཁོ་ཚོའི་གྲས་སུ་སྲིད་འཛིན་ཊམ་གྱིས་བསྐོ་བཞག་བྱས་པའི་ཨ་རིའི་ཤེས་རིག་ལྷན་ཁང་གི་དྲུང་ཆེ་བྷེ་ཛི་ཌེ་ཝྭོ་སི་དང་སྐྱེལ་འདྲེན་ལྷན་ཁང་གི་དྲུང་ཆེ་ཨེ་ལཱེན་ཆའོ། སྲིད་འཛིན་ཊམ་གྱིས་བསྐོ་བཞག་བྱས་པའི་ཨར་ལན་ཌིའི་དམིགས་བསལ་སྐུ་ཚབ་མེཀ་མལ་ཝྭེ་ཎི་དང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་བྱེད་པ་ལྔ་བཅས་མི་མང་པོ་ཞིག་གིས་རང་རང་གི་ལས་གནས་ནས་དགོངས་པ་ཞུས་ནས་ངོ་རྒོལ་བྱས་འདུག ད་དུང་ཨ་རིའི་གྲོས་ཚོགས་འཐུས་མི་༢༠༠་ལྷག་གིས་སྲིད་འཛིན་ཊམ་གནས་དབྱུང་གཏོང་དགོས་ཞེས་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་སོང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་ཊམ་གྲོས་ཚོགས་ཁང་ལ་གཏོར་བཅོམ་དང་དཔུང་རྒོལ། གྱེན་ལོག་གི་ཟིང་འཁྲུག་ལ་དངོས་སུ་སྐུལ་ལྕག་བཏང་བའི་འབྲེལ་བ་འདུག་ཅེས་ཉེས་འཛུགས་ཀྱི་གྲོས་སྡུར་བྱ་རྒྱུ་འགོ་ཚུགས། ན་ནིང་ཕྱི་ཟླ་༨་པར་ཌོ་ནལ་ཊམ་གྱི་སྲིད་དབང་བཀོལ་སྤྱོད་ལོག་པར་བཏང་བའི་ཉེས་འཛུགས་བྱས་ཀྱང་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་རྒྱབ་སྐྱོར་བྱས་ནས་ཌོ་ནལ་ཊམ་གནས་དབྱུང་གཏོང་མ་ཐུབ། ད་ལྟ་ཌོ་ནལ་ཊམ་འཕོ་འགྱུར་འགྲོ་བར་དུས་ཡུན་ཉི་མ་༡༢་ལས་མེད་པས་ཉེས་འཛུགས་ཀྱི་རྒྱུད་རིམ་ཁག་ཨ་རིའི་གྲོས་ཚོགས་སུ་འགྲུབ་ཐུབ་རྒྱུ་ཡིན་མིན་ངེས་གཏན་བྲལ། ད་ཐེངས་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་ཀྱང་ཌོ་ནལ་ཊམ་ལ་ཉེས་འཛུགས་བྱས་ནས་གནས་དབྱུང་གཏོང་རྒྱུ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

བདུན་ཕྲག་འདིར་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོ་གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱས་ནས་གཏོར་བཅོམ་དང་མི་གསོད་ཁྲོག་སྦྱོར་གྱི་ཟིང་འཁྲུག་བསླངས། གྲོས་ཚོགས་ཀྱི་ཉེན་རྟོག་པ་ཞིག་ལ་རྨས་སྐྱོན་ཚབས་ཕོག་ནས་སྨན་ཁང་དུ་འདས་གྲོངས་སུ་གྱུར། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གྲོས་ཚོགས་ཀྱི་ཉེན་རྟོག་པ་ཞིག་ལ་སྲོག་སྐྱོན་བྱུང་བ་དབུས་གཞུང་གི་ཉེས་དོན་ཞིག་ལ་བརྩིས་ནས་ཞིབ་འཇུག་བྱ་རྒྱུ་མགོ་བརྩམས་འདུག གྲོས་ཚོགས་ཀྱི་ཉེན་རྟོག་པ་དེས་འཇིགས་སྐུལ་གཏོར་བཅོམ་བྱེད་མཁན་ཚོར་འགོག་རྒོལ་བྱས་ནས་རྨས་སྐྱོན་ཕོག གྲོས་ཚོགས་ཁང་གི་ཟིང་འཁྲུག་ཞོད་འཇགས་རྗེས་སུ་ཉེན་རྟོག་པ་དེ་རང་གི་སྡེ་ཁག་ལ་ཕྱིར་ལོག་བྱས་ཀྱང་འཕྲལ་དུ་དྲན་པ་ཐོར་ནས་འགྱེལ། ཁོ་པ་སྨན་ཁང་དུ་འཁྱེར་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་བར་གཟའ་ཕུར་བུའི་དགོང་མོའི་ཆུ་ཚོད་༩་ཡས་མས་སུ་གྲོངས། ༢༠༠༨་ལོར་སིཀ་ནིཀ་ཞེས་པའི་བདེ་འཇགས་མི་སྣ་དེ་ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པའི་ཁོངས་སུ་ཞུགས། ཨ་རིའི་རྒྱལ་ཡོངས་ཀྱི་ཉེན་རྟོག་པའི་ལས་ཁུངས་ཁག་གིས་གྲོས་ཚོགས་ཀྱི་ཉེན་རྟོག་པ་ཞིག་ལ་སྲོག་སྐྱོན་བྱུང་བར་ངན་མྱོང་ཞུས། ཉེན་རྟོག་པ་འདས་པོ་དེའི་བཟའ་མི་ཉེ་དུ་རྣམས་དང་གྲོགས་པོ་བཅས་ལ་སེམས་གསོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཉེན་རྟོག་པ་ཚོས་དཔུང་འཛུལ་བ་བུད་མེད་ཅིག་ལ་མེ་མདའ་བརྒྱབ་ནས་སྲོག་སྐྱོན་ཕོག ད་དུང་མི་གཞན་པ་གསུམ་ལའང་དྲག་ཟིང་ཁྲོད་དུ་རྨས་སྐྱོན་ཕོག་ནས་སྲོག་སྐྱོན་བྱུང་ཞིང་། གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དང་པོ་ནས་ཆུ་ཚོད་༢་དང་ཕྱེད་ཀའི་བར་དུ་སྲིད་འཛིན་ཊམ་གྱི་རྒྱབ་སྐྱོར་བ་ཚོར་ཨ་རིའི་གྲོས་ཚོགས་ཁང་དུ་གཏོར་བཅོམ་བྱེད་པའི་གོ་སྐབས་ཐོབ། ཨ་རིའི་གྲོས་ཚོགས་སུ་བྱུང་བའི་དཔུང་འཛུལ་གཏོར་རྒོལ་ལ་ཞུགས་ཁག་ཅིག་གི་ལས་ཀ་ཤོར། དཔེར་ན་ཨ་རིའི་མེ་རི་ལན་ཌི་མངའ་སྡེའི་ནེ་ཝྭི་སི་ཊར་ཁྲོམ་རེའི་མ་རྩ་འཛུགས་འཇོགས་ཁང་གི་ལས་བྱེད་པ་ཞིག་གིས་ལས་ཁུངས་ཀྱི་ལག་འཁྱེར་སྐས་ལ་བཏགས་ནས་གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱས་པའི་འདྲ་པར་ཐོན། བཟོ་ཚོང་ཁང་དེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་ང་ཚོའི་ལས་བྱེད་པ་ཚོར་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་ཆོག་པའི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ཡོད་པར་བརྩི་བཀུར་ཞུ་བཞིན་ཡོད། ཡིན་ནའང་སྐྱེ་བོ་གཞན་གྱི་བདེ་འཇགས་ལ་ཉེན་ཁ་བཟོ་བའི་ལས་འགུལ་ལ་ཞུགས་མཁན་ཚོར་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་མི་འདུག་ཅེས་མི་དེ་བཟོ་ཚོང་ཁང་དེ་ནས་ཕྱིར་ཕུད་བྱས་འདུག ཨ་རིའི་ཊེཀ་སེ་སི་མངའ་སྡེའི་ཁྲིམས་རྩོད་པ་ཕོལ་ཌི་ཝྭི་སི་ཞེས་པ་ཞིག་གིས་ང་ཚོ་གྲོས་ཚོགས་ཁང་དུ་དཔུང་འཛུལ་ནས་འཐུས་མི་ཚོར་སྐད་ཆ་བཤད་དགོས་ཡོད། ང་ཚོས་གཏོར་བཅོམ་བྱེད་ཀྱི་མེད་ཅེས་ངོ་དེབ་ནང་དུ་བརྙན་འཐུང་ཞིག་བཀྲམ། ཁ་སང་གཟའ་ཕུར་བུའི་ཉིན་གྷུ་སི་ཧེ་ཌི་འགན་སྲུང་བཟོ་ཚོང་ཁང་གིས་ཕོལ་ཌེ་ཝྭི་སི་ལས་ཁུངས་ལ་ཡོང་མི་དགོས། ཁོ་པ་ང་ཚོའི་བཟོ་ཚོང་ཁང་གི་ལས་བྱེད་པ་མིན། གྷུ་སི་ཧེ་ཌི་བཟོ་ཚོང་ཁང་གི་ལས་བྱེད་པ་སུ་ཞིག་གྲོས་ཚོགས་ལ་གཏོར་རྒོལ་བྱས་པའི་ཟིང་འཁྲུག་ལ་ཞུགས་ཡོད་ན་བཟོ་ཚོང་ལས་ཁང་འདིའི་ལས་བྱེད་པའི་ཁོངས་སུ་མེད་ཅེས་གསལ་བསྒྲགས་སྤེལ། ཕོལ་ཌེ་ཝྭི་སི་བཟོ་ཚོང་ཁང་དེ་ནས་དགོངས་པ་ཞུས་པའམ། ཡང་ན་ཁོ་པ་བཟོ་ཚོང་ཁང་དེས་ཕྱིར་ཕུད་བྱས་པ་ཡིན་མིན་དེ་གསལ་པོ་ཞིག་མི་འདུག

པེན་སིལ་ཝྭེ་ཎི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་ས་ཀོ་ནེ་ཞེས་པ་ཞིག་ཀྱང་གཟའ་ལྷག་པའི་ངོ་རྒོལ་ལ་ཞུགས། ཁོ་པ་སན་ཊི་ཝྭིན་སན་ཊི་མཐོ་སློབ་ཀྱི་སློབ་དཔོན་ཞིག་ཡིན་མོད། འོན་ཀྱང་ཁོ་པ་ཨ་རིའི་གྲོས་ཚོགས་ཕྱི་ལོགས་སུ་ངོ་རྒོལ་བའི་གྲས་སུ་ཡོད་པའི་འདྲ་པར་ཞིག་དྲྭ་ལམ་དུ་ཁྱབ། སི་ཊི་ཝྭིན་སན་ཊི་མཐོ་སློབ་ཀྱི་འགོ་ཁྲིད་ཚོས་སློབ་དཔོན་ས་ཀོ་ནེ་ལ་འཕྲལ་དུ་སློབ་ཁྲིད་བྱེད་དུ་འཇུག་རྒྱུ་བཀག་ཅིང་། མཐོ་སློབ་ཁང་དེའི་གཙོ་འཛིན་གྱིས་སློབ་དཔོན་ས་ཀོ་ནེ་ངོ་རྒོལ་ལས་འགུལ་ལ་ཞུགས་པའི་སྟབས་ཀྱིས་ལས་གནས་ནས་དགོངས་པ་ཞུས་པ་ལྟར་ང་ཚོས་ཀྱང་སློབ་དཔོན་ས་ཀོ་ན་ལ་དགོངས་པ་སྤྲད་པ་ཡིན་ཞེས་བསྒྲགས། སློབ་དཔོན་ས་ཀོ་ནེས་ངས་སན་ཊི་ཝྭིན་སན་ཊི་མཐོ་སློབ་ཏུ་སློབ་ཁྲིད་བྱས་ནས་༢༡་ཕྱིན་སོང་། ད་ལྟ་གསར་འགྱུར་ནང་དུ་ངའི་འདྲ་པར་ཐོན་ནས་མཐོ་སློབ་ཁང་དེར་མིང་ཤས་ངན་པ་ཞིག་འཕོག་རྒྱུའི་ཉེན་ཀ་འདུག དེས་ན་ངས་སན་ཊི་ཝྭིན་སན་ཊི་མཐོ་སློབ་ཁང་ལ་ནག་ཐིག་ཅིག་མི་འཕོག་པའི་ཆེད་དུ་རང་ཉིད་སློབ་དཔོན་གྱི་ལས་གནས་ནས་དགོངས་པ་ཞུས་པ་ཡིན་ཞེས་བཤད། སློབ་དཔོན་ས་ཀོ་ནེས་བཀྲམ་པའི་བརྙན་ཐུང་ཞིག་གི་ནང་དུ་མི་ཁག་ཅིག་གིས་རྒྱལ་སྒོ་བཅག་སོང་། ཁོ་ཚོ་གྲོས་ཚོགས་ཁང་དུ་དཔུང་འཛུལ་བྱེད་ཀྱི་འདུག ང་ཚོའི་སྲིད་འཛིན་ལ་ཁྲེལ་མེད་དང་རྒྱབ་གཏོད་བྱེད་མཁན་མི་ངན་དེ་རྣམས་མཐར་སྐྲོད་གཏོང་རྒྱུ་ཡིན། ང་ཚོས་མི་ངན་དེ་རྣམས་ལས་ཁུངས་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་ཞེས་སྐད་བརྒྱབ་འདུག

གྲོས་ཚོགས་ཁང་གི་གཏོར་བཅོམ་ལ་མ་ཞུགས་ཀྱང་དཔུང་འཛུལ་དེར་རྒྱབ་སྐྱོར་བྱེད་མཁན་ཚོ་ལའང་ཉེས་ཆད་འཕོག་གི་ཡོད་པ་སྟེ། ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པས་མཐོ་རིམ་ལས་སྣེ་ཞིག་གིས་གྲོས་ཚོགས་ཁང་ལ་དཔུང་འཛུལ་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་གྱི་མཆན་ཞིག་བྲིས། ད་ལྟ་ཁོ་པ་སྲིད་འཛིན་ཚོགས་པའི་མཐོ་རིམ་ལས་སྣེ་ཚོའི་ཁོངས་ནས་ཕྱིར་ཕུད་བྱས་འདུག ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་དྲྭ་ཚིགས་སུ་ང་ཚོས་ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་དང་པའི་དགོངས་དོན་ལྟར་མི་དམངས་ཀྱི་སྨྲ་བརྗོད་རང་དབང་དང་འདུ་འཛོམ་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱལ་ཡོངས་གྲོས་ཚོགས་སུ་དཔུང་འཛུལ་བྱས་ནས་གཏོར་བཅོམ་གྱི་དྲག་ཟིང་བསླངས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པ་ནི་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་དང་སྒྲིག་གཞིའི་ཕྱོགས་སུ་ཡོད་ཅེས་གསལ་བསྒྲགས་སྤེལ། མངའ་སྡེ་དེའི་སྤྱི་མཐུན་ཚོགས་པའི་ལས་སྣེ་དེས་ཁོ་བོས་ངོ་དེབ་ནང་དུ་མཆན་བྲིས་པར་གོ་བ་ལོག་སྒྲུབ་བྱས་འདུག ངས་ནམ་ཡང་མི་དམངས་ཀྱི་གྲོས་ཚོགས་ཁང་ལ་གཏོར་རྒོལ་བྱས་པར་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་དག་འབུད་བྱས་འདུག ད་ལྟ་ཊེཀ་སེ་སི་མངའ་སྡེའི་སྤྱི་མཐུན་ཚོགས་པའི་མཐོ་རིམ་ལས་སྣེ་ཚོའི་མིང་ཐོ་དང་ཁ་པར་གྱི་ཐོ་གཞུང་ཁོངས་ནས་མཐོ་རིམ་ལས་སྣེ་དེའི་མིང་ཐོ་དང་ཁ་པར་གྲངས་ནག་སུབ་བྱས་འདུག

XS
SM
MD
LG