ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

བྷ་ཌན་དང་ཛེ་ལན་སི་ཀིས་ལོ་བཅུའི་བདེ་འཇཊ་སྲུང་སྐྱོབ་ཀྱི་གྲོས་མཐུན་བཞག


ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་
ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་

༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱིས་ལོ་བཅུའི་རིང་ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་སྣ་མང་ཞིག་རོགས་རམ་སྤྲོད་རྒྱུའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཕྱི་ཟླ་༦་པའི་ཚེས་༡༣་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གཞུང་འབྲེལ་མི་སྣ་ཚོས་གྲོས་མཐུན་དེའི་དམིགས་ཡུལ་ནི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་བའི་དབང་དུ་བཏང་རུང་ཨ་མི་རི་ཀས་ཡུཀ་རེན་ལ་མུ་མཐུད་དུ་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲད། ཨུ་རུ་སུའི་བཙན་འཛུལ་ལ་འཐབ་རྒོལ་དང་ཡུཀ་རེན་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན། ཡུཀ་རེན་ལ་ཨུ་རུ་སུ་ལྟར་དེང་རབས་ཀྱི་མཚོན་ཆ་དང་དམག་མི་འདང་ངེས་མེད་པའི་དཀའ་ངལ་ཚབས་ཆེན་འཕྲད་ཀྱི་འདུག་ཅེས་བཀྲལ། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་ནས་ཕུ་ཊིན་གྱིས་དམག་འཁྲུག་ཡུན་བསྲིང་ཐུབ་བསམ་གྱི་ཡོད་ན་ནོར་འཁྲུལ་རེད། ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་མཐའ་འཁྱོངས་པ་ཞིག་བྱ་རྒྱུ་ཡིན་ཞེས་ཁས་བླངས།།

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་

ཨ་རི་དང་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་གྲོས་མཐུན་དེ་ཆིངས་ཡིག་མིན་པས་ཌོ་ནལ་ཊམ་མམ། མ་འོངས་པའི་སྲིད་འཛིན་ཚོས་ཨ་རི་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱེད་ཆོག ཆིངས་ཡིག་ཡིན་ན་ཨ་རིའི་གྲོས་ཚོགས་ཀྱིa་ཆོག་མཆན་འགོད་དགོས། གྲོས་ཚོགས་ཀྱིས་ཆོག་མཆན་བཀོད་པའི་ཆིངས་ཡིག་ཁག་སྲིད་འཛིན་ལ་འདོད་པ་མེད་ཀྱང་བསྒྲུབ་དགོས་པའི་ལས་འགན་ཡོད་ཅིང་། ཨ་རིའི་མི་མང་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ཁག་ཏུ་སྲིད་འཛིན་བྷ་ཌན་ལས་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མཁན་མང་བ་ཡོད་པའི་རྣམ་པ་ཞིག་ཐོན། ཌོ་ནལ་ཊམ་གྱིས་ངས་ཉིན་ཞག་གཅིག་གི་ནང་ཚུད་དུ་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཏུ་འཇུག་ཐུབ། ཡུ་རོབ་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་གྱི་འགན་འཁྲི་མང་བ་ལེན་དགོས་ཞེས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་བརྡ་ཞིག་བཏང་མོད། འོན་ཀྱང་ཉེ་ཆར་ཨ་རིའི་གྲོས་ཚོགས་ཀྱིས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༦༠༠་ལྷག་དམག་དོན་རོགས་རམ་སྤྲོད་རྒྱུའི་ཆོག་མཆན་བཀོད་པར་ཊམ་གྱིས་མོས་མཐུན་ཡོད་པའི་རྣམ་པ་བསྟན།།

ད་ལོའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཇཱོ་བྷ་ཌན་ལ་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་རྒྱུ་ཡིན་མིན་ངེས་གཏན་མེད་པས་ཨ་རི་དང་ཡུཀ་རེན་གྱི་བདེ་འཇགས་སྲུང་སྐྱོབ་གྲོས་མཐུན་དེ་ཡུན་གནས་ཐུབ་མིན་བཤད་དཀའ། ཨ་རི་དང་དབྱིན་ཇི། འཇར་མན་ཎི་དང་ཧྥ་རན་སི། ཨི་ཊ་ལི། ད་དུང་དེའི་སྟེང་དུ་རྒྱལ་ཁབ་གཞན་པ་༡༦་གིས་ཡུཀ་རེན་ལ་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་བཞག ཨ་རི་སོགས་བདེ་འཇགས་སྲུང་སྐྱོབ་ཀྱི་གྲོས་མཐུན་བཞག་པའི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་ཀྱང་དམག་དཔུང་གཏོང་དགོས་ཞེས་གྲོས་མཐུན་གྱི་ནང་དུ་མ་འཁོད། རྒྱལ་ཁབ་དེ་དག་གིས་མཉམ་འབྲེལ་གྱིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་རྒྱུ་དང་ཟླ་བ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ནུབ་ཆིངས་བཙུགས་ནས་ལོ་༧༥་འཁོར་བའི་མཛད་སྒོའི་ཐོག་ཏུ་གྲོས་མཐུན་དེའི་ཞི་ཕྲ་ཁག་གསལ་པོ་ཆགས་ཐུབ་རྒྱུའི་ཚོད་དཔག་བྱས་འདུག

ཕྱི་ཟླ་༦་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་བཟོ་ལས་ཡར་ཐོན་དང་དམངས་གཙོ། འཛམ་གླིང་གི་ཕྱུག་བདག་རྒྱལ་ཁབ་བདུན་གྱི་འགོ་ཁྲིད་ཚོས་ཨུ་རུ་སུའི་དབུས་དངུལ་ཁང་གིས་ཡུ་རོབ་ཀྱི་དངུལ་ཁང་ཁག་ཏུ་བཅོལ་ཡོད་པའི་དངུལ་སྒོར་གྱི་སྐྱེད་ཀ་ཨ་སྒོར་དུང་ཕྱུར་༥༠༠་ཐམ་པ་ཡུཀ་རེན་ལ་བསྐྱི་རྒྱུའི་ཐག་བཅད། ཨུ་རུ་སུའི་དབུས་དངུལ་ཁང་གིས་ཨ་སྒོར་ཐེར་འབུམ་༣༠༠་ལྷག་ཕྱི་རྒྱལ་གྱི་དངུལ་ཁང་ཁག་ཏུ་བཅོལ་ནས་སྐྱེད་ཀ་བླངས་ཏེ་ཚོང་ལས་གཉེར། ཨུ་རུ་སུའི་དངུལ་སྒོར་མང་ཆེ་བ་ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གི་དངུལ་ཁང་དུ་བཅོལ་ཡོད་ཀྱང་ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་དངུལ་སྒོར་དེ་རྣམས་ལེན་མི་ཐུབ་པར་གྱུར། ཧྥ་རན་སིའི་གཞུང་འབྲེལ་མི་སྣ་ཞིག་གིས་ཡུཀ་རེན་ལ་བསྐྱི་འཆར་ཡོད་པའི་ཨ་སྒོར་དུང་ཕྱུར་༥༠༠་དེ་ཨ་མི་རི་ཀས་སྔ་འདོན་བྱ་རྒྱུ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཕྱིས་སུ་ཨ་རིར་སྐྱིན་པ་འཇལ་རྒྱུ་རེད་ཅེས་བསྒྲགས།།

འདས་པའི་ལོ་གཅིག་ལྷག་ལ་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་དངུལ་སྒོར་དེ་རྣམས་གཞུང་བཞེས་བཏང་སྟེ་ཡུཀ་རེན་ལ་གུན་གསབ་སྤྲོད་དགོས་མིན་ཐད་རྩོད་པ་བརྒྱབ། རང་བཙན་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་གི་རྒྱུ་དངོས་གཞུང་བཞེས་བཏང་ནས་རྒྱལ་ཁབ་གཞན་པ་ཞིག་ལ་སྤྲོད་རྒྱུ་དེར་ཁྲིམས་ཐོག་ཏུ་རྩོད་པ་བྱུང་ནས་འགོག་རྐྱེན་འཕྲད་རྒྱུ་ལྡོག་ཏུ་མེད། དེས་ན་ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུའི་དངུལ་སྒོར་རྣམས་གཞུང་བཞེས་མ་བཏང་བར་སྐྱེད་ཀ་ཨ་སྒོར་དུང་ཕྱུར་༥༠༠་ཡུཀ་རེན་ལ་བསྐྱི་རྒྱུ་སྟབས་བདེ་པོ་ཡོད་པ་ངོས་ཟིན། ཨ་སྒོར་དུང་ཕྱུར་༥༠༠་དེ་ཡུཀ་རེན་ལ་ནམ་འཕྲོད་རྒྱུ་ཡིན་མིན་གསལ་པོ་མེད་ཀྱང་ཨ་རིའི་གཞུང་གིས་ཡུཀ་རེན་ལ་དགོས་ངེས་ཀྱི་རོགས་སྐྱོར་མཐའ་དག་མྱུར་དུ་སྤྲོད་དགོས་ཞེས་སྐུལ་ལྕག་གཏོང་གི་ཡོད་པར་གཞིགས་ཚེ། ༢༠༢༤་ཡི་ལོ་མཇུག་ཡས་མས་སུ་དངུལ་སྒོར་དེ་རྣམས་ཡུཀ་རེན་ལ་འཕྲོད་རྒྱུའི་རེ་བ་ཡོད་སྲིད།།

ཨེ་ཊི་ལན་ཊིཀ་ལྷན་ཚོགས་སུ་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཟུར་པ་ཇཱོན་ཧར་བྷ་སི་ཊིས་
ཨེ་ཊི་ལན་ཊིཀ་ལྷན་ཚོགས་སུ་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཟུར་པ་ཇཱོན་ཧར་བྷ་སི་ཊིས་

ད་ལོའི་ཕྱི་ཟླ་༢་པའི་ནང་འཛམ་གླིང་དངུལ་ཁང་གིས་ཡུཀ་རེན་ལ་དམག་འཁྲུག་གི་འགྲོ་གྲོན་མེད་པ་གཅིག་པུ་མ་རེད། དམག་འཁྲུག་རྗེས་སུ་ཡུཀ་རེན་བསྐྱར་དུ་འཛུགས་སྐྲུན་བྱེད་པར་ལོ་བཅུའི་རིང་ཨ་སྒོར་ཐེར་འབུམ་༤༨༦་དགོས་ཀྱི་འདུག་ཅེས་ཞིབ་འཇུག་སྙན་ཐོ་བཏོན། ཨེ་ཊི་ལན་ཊིཀ་ལྷན་ཚོགས་སུ་ཡུཀ་རེན་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ཟུར་པ་ཇཱོན་ཧར་བྷ་སི་ཊིས་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་མ་ཚོགས་གོང་དེར་ཨ་མི་རི་ཀས་ཡུཀ་རེན་ལ་རོགས་དངུལ་ནར་གཏོང་ཐུབ་མིན་སོ་ཉིའི་གནས་སུ་ཟད། དེར་བརྟེན་ཨུ་རུ་སུའི་དངུལ་སྒོར་དེའི་སྐྱེད་ཀ་རྣམས་ཡུཀ་རེན་ལ་བསྐྱི་རྒྱུའི་ཐག་བཅད་པ་རེད་ཅེས་སྨྲས། ཨུ་རུ་སུས་དམག་འཁྲུག་མཚམས་བཞག་ནས་དངུལ་སྒོར་བླངས་པའམ། ཡང་ན་སྐྱེད་ཀ་ཨ་སྒོར་དུང་ཕྱུར་༥༠༠་མ་ལོངས་པའི་ཉེན་ཁའང་ཆེ། ཧྥ་རན་སིའི་གཞུང་འབྲེལ་མི་སྣ་ཞིག་གིས་ཨུ་རུ་སུས་དངུལ་སྒོར་དེ་རྣམས་བླངས་པ་དང་སྐྱེད་ཀ་དེ་ཙམ་མ་བྱུང་ན་གྱོང་གུད་ཐམས་ཅད་མཉམ་ཁུར་བྱ་དགོས་ཟེར། གྱོང་གུད་མཉམ་ཁུར་གྱི་ཞིབ་ཆ་ཁག་ཕྱིར་བསྒྲགས་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནུབ་ཆིངས་ཀྱི་ལོ་ལྟར་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༤༣༠་ཐམ་པའི་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་པ་ཧང་གྷ་རི་མ་འཐད་པར་ཡུན་རིང་འགགས། ཁ་སང་གཟའ་ལྷག་པའི་ཉིན་ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊོན་བྷག་དང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་གཉིས་ཐུག་འཕྲད་གྲོས་མོལ་བྱས་པར་མ་ཟད། སྤྱི་ཁྱབ་དྲུང་ཆེས་ང་དང་སྲིད་བློན་ཨོར་བྷན་གཉིས་ཧང་གྷ་རིའི་དགག་བྱ་ཕྱིར་འཐེན་བྱ་རྒྱུའི་གྲོས་མཐུན་བྱུང་སོང་། ནུབ་ཆིངས་ཀྱིས་ཡུཀ་རེན་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་ཐུབ་པ་ཞིག་ཏུ་གྱུར་ཡོད། ཟླ་བ་རྗེས་མར་ནུབ་ཆིངས་ཀྱི་འགོ་ཁྲིད་ཚོ་ཝ་ཤིང་ཊོན་དུ་ཚོགས་འདུར་འདུས་པའི་དུས་སུ་ཐ་མའི་ཐག་གཅོད་བྱེད་ཐུབ་པའི་གདེང་ཚོད་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ།།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊོན་བྷག་དང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊོན་བྷག་དང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་

ཧང་གྷ་རིའི་སྲིད་བློན་ཨོར་བྷན་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་མཐུན་གྲོགས་ཤིག་ཡིན་པས་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་ཀྱིས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་འགོག་ཐབས་སུ་འབུངས། ཁོ་པས་ཨུ་རུ་སུའི་ཁེ་ཕན་གཙིགས་སུ་བཟུང་སྟེ་སུད་ཌེན་ནུབ་ཆིངས་ཁོངས་སུ་ཞུགས་པའི་སྐབས་སུ་ཚོགས་འཐུས་རྒྱལ་ཁབ་གཞན་ཁག་གིས་ཆོག་མཆན་བཀོད་ཀྱང་ཧང་གྷ་རིས་མཐའ་མཇུག་བར་དུ་ཆོག་མཆན་མ་བཀོད། ཡུཀ་རེན་རིམ་བཞིན་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་དེ་ལའང་ཧང་གྷ་རིས་ཕྱོགས་གང་ཐད་ནས་འགོག་རྐྱེན་བཟོས། སྲིད་བློན་ཨོར་བྷན་གྱིས་ང་ལ་སྤྱི་ཁྱབ་དྲུང་ཆེས་ཧང་གྷ་རིའི་གཞུང་གིས་ཡུཀ་རེན་ལ་དམག་དོན་འགྲོ་གྲོན་དང་མཚོན་ཆ། དམག་དཔུང་བཏང་ནས་རྒྱབ་སྐྱོར་བྱ་མི་དགོས་པའི་ཁག་ཐེག་བྱས་བྱུང་ཞེས་བཤད། ཧྥ་རན་སི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་སྦྱོང་དགེ་རྒན་བཏང་ནས་རྒྱབ་སྐྱོར་བྱ་དགོས་པའི་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག

གླེང་སྟེགས།

XS
SM
MD
LG