ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༧/༡༩

ཡེ་ཤུའི་བླ་ཆེན་སོག་ཡུལ་དུ་ཕེབས་ཏེ་ཡེ་ཤུ་ཚོར་ཆོས་འབྲེལ་འཛུགས་རྒྱུ། 


༄༅།། གཟའ་འཁོར་འདིར་ཡེ་ཤུའི་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་སོག་ཡུལ་དུ་ཕེབས་ཏེ་རྒྱལ་ཁབ་དེའི་ཡེ་ཤུའི་ཆོས་དད་པ་ཚོར་ཆོས་འབྲེལ་འཛུགས་ཀྱི་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་སོག་ཡུལ་དུ་ཡེ་ཤུའི་ཆོས་དད་པ་༡༤༥༠་ལས་མི་འདུག ཁོ་ཚོས་གདན་ས་ཝེ་ཊི་ཁན་གྱི་སན་ཊི་ཕི་ཊར་ལྷ་ཁང་ཆེན་མོའི་མདུན་ཐང་གི་ཟུར་ཞིག་ཀྱང་ཁེངས་ས་མ་རེད། སོག་ཡུལ་གྱི་ཡེ་ཤུའི་ཆོས་དད་པའི་གྲངས་འབོར་ནི་ནུབ་ཕྱོགས་ཀྱི་གྲོང་རྡལ་ཞིག་གི་ཡེ་ཤུའི་ཆོས་དད་པའི་གྲངས་འབོར་ཡང་མི་ལོངས། འོ་ན་དགུང་ལོ་༨༦་ལ་ཕེབས་པའི་བླ་ཆེན་མཆོག་སྤྱི་ལེ་༨༢༧༨་ཀྱི་ཕ་རོལ་ཏུ་ཆགས་པའི་སོག་ཡུལ་དུ་ཅིའི་ཕྱིར་ཕེབས་ཡོད་པ་རེད། དེ་ནི་དུས་རབས་སྔོན་མའི་ལོ་རབས་༢༠་པའི་ནང་དུ་དབྱིན་ཇིའི་རི་འཛེག་པ་འཇོར་ཇཱི་མེ་ལོ་རི་ལ་ཇོ་མོ་གླང་མའི་རྩེ་རུ་ཅིའི་ཕྱིར་འཛེག་གི་ཡོད་ཅེས་དྲིས། ཁོང་གིས་ཇོ་མོ་གླང་མའི་རྩེ་རུ་ཡེ་ཤུའི་ཆོས་དད་པ་ཡོད་པ་རེད་ཅེས་ལན་འདེབས་བྱས་པ་དང་གཅིག་མཚུངས་སུ་འགྱུར་གྱི་ཡོད་པ་ཡིན་སྲིད་ཅེས་གནས་ཚུལ་སྤེལ་འདུག

བླ་ཆེན་ཕོབ་མཆོག་ནས་ཨི་ཊ་ལི་བ་སྤྱི་ཁྱབ་མཁན་པོ་འཇོར་ཇཱི་ཡོ་མ་རེན་གྷོ་
བླ་ཆེན་ཕོབ་མཆོག་ནས་ཨི་ཊ་ལི་བ་སྤྱི་ཁྱབ་མཁན་པོ་འཇོར་ཇཱི་ཡོ་མ་རེན་གྷོ་

ཁ་སང་གཟའ་ཉི་མའི་ཉིན་ལོ་ན་༡༩་ལ་སོན་པའི་ཨར་ཝ་ནེ་ཧ་ཤ་རྡོ་རྗེ་ཞེས་པའི་སོག་པོའི་སློབ་ཕྲུག་ཅིག་གིས་སན་ཊི་ཕི་ཊར་ལྷ་ཁང་ཆེན་མོར་གསར་འགོད་པའི་དྲིས་ལན་དུ་བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་ཀྱི་ཡོད་པ་ནི་ངའི་བློ་ཡུལ་དུ་ཤོང་དཀའ། ང་ཉེ་ཆར་ཕོར་ཆུ་གྷལ་གྱི་རྒྱལ་ས་ལི་སི་བྷོན་དུ་ཚོགས་པའི་འཛམ་གླིང་གི་ཡེ་ཤུ་ཆོས་གནམ་བདག་ཆོས་ལུགས་ཀྱི་གཞོན་ནུའི་ཚོགས་ཆེན་ལ་ཞུགས་པ་ཡིན། ཡེ་ཤུའི་ཆོས་དད་པ་ས་ཡ་མང་པོ་ཡོད་པའི་རྒྱལ་ཁབ་ཁག་གི་ན་གཞོན་ཚོས་བླ་ཆེན་མཆོག་ང་ཚོའི་རྒྱལ་ཁབ་ཏུ་ད་དུང་ཕེབས་ཡོད་པ་མ་རེད་ཟེར་གྱི་འདུག བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་ཀྱི་ཡོད་པ་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་རེད་ཅེས་དགའ་ཚོར་བསྟན། ད་སྔ་བླ་ཆེན་མཆོག་ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཐམས་ཅད་ལའང་ཕེབས་མེད་ཀྱང་འཛམ་གླིང་གི་མཐའ་གྲུ་ཀུན་གྱི་དཀའ་ངལ་སེལ་དགོས་ཞེས་ཐུགས་བསྐྱེད། སོག་ཡུལ་དུ་ཡེ་ཤུའི་ཆོས་དད་པ་ཉུང་ཤས་ལས་མེད་ཀྱང་བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་ཀྱི་ཡོད་པ་དེས་སོག་པོ་ཚོ་ཐུགས་ལ་བཅངས་ཡོད་པ་མཚོན་གྱི་ཡོད་པའི་གནས་ཚུལ་ཐོན།།

སྔ་ལོ་བླ་ཆེན་ཕོབ་མཆོག་ནས་ཨི་ཊ་ལི་བ་སྤྱི་ཁྱབ་མཁན་པོ་འཇོར་ཇཱི་ཡོ་མ་རེན་གྷོ་སོག་ཡུལ་གྱི་ཡེ་ཤུའི་ཆོས་སྡེ་འཛིན་སྐྱོང་བར་བསྐོས། བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན་སོག་ཡུལ་གྱི་ཡེ་ཤུའི་ལྷ་ཁང་དེར་སྨོན་ལམ་འཚོགས་ཀྱི་ཡོད་པའི་དུས་སུ་བླ་ཆེན་ཕོབ་མཆོག་ནས་གསུང་ཆོས་གནང་རྒྱུ་ཡིན་ཞིང་། བླ་ཆེན་མཆོག་ནས་སོག་ཡུལ་དུ་ཡེ་ཤུའི་ཆོས་དད་པ་ཉུང་ཤས་ལས་མེད་ཀྱང་དད་པ་བརྟན་པོ་རེད་ཅེས་བསྔགས་བརྗོད་མཛད། སྤྱི་ཁྱབ་མཁན་པོ་མ་རེན་གྷོས་བླ་ཆེན་མཆོག་གི་ཐུན་མོང་མ་ཡིན་པའི་ཆིབས་སྒྱུར་འདི་མི་འབོར་ཉུང་བའི་སོག་ཡུལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ལྡན་པར་འབྲེལ་བ་དམ་ཟབ་ཡོད། སོག་ཡུལ་དུ་ཡེ་ཤུའི་ཆོས་དད་པ་ཉུང་ཡང་བླ་ཆེན་མཆོག་ནས་ཡེ་ཤུའི་ཆོས་དད་པ་གཅིག་ལས་མེད་ཀྱང་དེ་གནད་འགག་ཅིག་ཏུ་རྩི་བཞིན་པ་མཚོན་ཡོད། ང་སོག་ཡུལ་དུ་བསླེབས་ནས་ལོ་༢༠་ཕྱིན་སོང་། ཨི་ཊ་ལིར་ཡེ་ཤུའི་ཆོས་སྡེ་༢༥༥༠༠་ཡོད་ཀྱང་སོག་ཡུལ་དུ་ཡེ་ཤུའི་ཆོས་སྡེ་༩་ལས་མེད། ཡེ་ཤུའི་ཆོས་སྡེ་ཆུང་ཤོས་དེ་རྒྱལ་ས་ནས་སྤྱི་ལེ་བརྒྱ་ཕྲག་འགའ་ཞིག་གི་ཕ་རོལ་ཏུ་ཡོད། དེ་ལ་ཚོགས་མི་༣༠་ནས་༤༠་ཡས་ཤིག་ལས་མེད། ཡིན་ནའང་ཆིབས་སྒྱུར་དེས་སོག་ཡུལ་དུ་ཡེ་ཤུའི་ཆོས་ལུགས་དར་གྱི་ཡོད་པ་སྟོན་ཐུབ་ཅེས་བཀྲལ།།

ཕྱི་ཟླ་༨་པའི་ཚེས་༢༧་ཉིན་བླ་ཆེན་ཕོབ་མཆོག་གིས་གསར་འགོད་པར་སོག་པོ་ཚོར་རང་གི་རླབས་ཆེན་གྱི་ཆོས་ལུགས་སྲོལ་རྒྱུན་ཞིག་དར་འདུག ང་སོག་ཡུལ་དུ་བསྐྱོད་ནས་རྣམ་དཔྱོད་ལྡན་པའི་སོག་པོ་ཚོར་ཐུག་གི་ཡོད་པ་ནི་གཟི་བསོད་ཅིག་ཡིན་བསམས་ཡོད་ཅེས་ལན་བསྐྱོན། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྙན་ཐོའི་ནང་དུ་སོག་ཡུལ་གྱི་མི་འབོར་བརྒྱ་ཆ་༦༠་ལྷག་ཆོས་ལ་དད་པོ་ཡོད་མཁན་རེད། ཆོས་ལ་དད་པ་ཡོད་མཁན་དེ་དག་གི་གྲས་ཀྱི་མི་གྲངས་བརྒྱ་ཆ་༨༧.༡་ནང་པ་རེད། མི་འབོར་བརྒྱ་ཆ་༥.༤་ཁ་ཆེ་ཡིན་པ་དང་སོག་པོའི་གདོད་མའི་ཡུལ་ཆོས་ལ་དད་པོ་བྱེད་མཁན་མི་གྲངས་བརྒྱ་ཆ་༢.༢་ཡོད་པ་དང་ཡེ་ཤུ་བརྒྱ་ཆ་༡.༡་ཡོད་པར་མ་ཟད། སོག་པོ་ཡེ་ཤུའི་ཆོས་དཔོན་གཉིས་འདུག་ཅེས་འཁོད། སོག་པོ་ཡེ་ཤུའི་ཆོས་དཔོན་ཕི་ཊར་སངས་རྒྱས་ཀྱིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ཕྱི་ཟླ་༨་པའི་ཚེས་༣༡་ནས་ཕྱི་ཟླ་༩་པའི་ཚེས་༤་བར་དུ་བླ་ཆེན་མཆོག་སོག་ཡུལ་དུ་ཕེབས་ནས་མཛད་འཕྲིན་སྐྱོང་གི་ཡོད། ངས་འཛམ་གླིང་ཡོངས་ལ་སོག་ཡུལ་དུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་ཆོས་སྡེ་ཞིག་ཡོད་པ་དང་ཆོས་སྡེ་དེ་ཡིད་དུ་འོང་བ་ཞིག་ཡིན་པ་སྟོན་རྒྱུ་ཡིན་ཞེས་བསྒྲགས།།

ཕྱི་ཟླ་༨་པའི་ཚེས་༢༧་ཉིན་ཡེ་ཤུ་གནམ་བདག་ཆོས་ལུགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ཐེངས་ཀྱི་ཆིབས་སྒྱུར་དུས་སུ་ཐོག་མར་བླ་ཆེན་མཆོག་ནས་སོག་ཡུལ་གྱི་ཚོགས་ཁང་ཆེན་མོར་རྒྱལ་ཁབ་དེའི་དམངས་གཙོའི་སྲིད་གཞུང་གི་འགོ་ཁྲིད་ཚོ་དང་ཨུ་རུ་སུ། རྒྱ་ནག་དང་བྱང་ཀོ་རི་ཡ་སོགས་ཀྱི་གཞུང་ཚབ་ཁག་གི་ཕྱི་འབྲེལ་མི་སྣ་ཚོར་གསུང་བཤད་གནང་འཆར་ཡོད། ཚོགས་ཁང་ཆེན་མོའི་ལྷན་འཛོམས་དུས་སུ་བླ་ཆེན་མཆོག་ནས་རྒྱ་ནག་དང་ཨུ་རུ་སུ་གཉིས་ལ་འཕྲོད་དགོས་པའི་བརྡ་ལན་དེ་དག་ལེགས་པར་འཕྲོད་ཐུབ་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་གཞུང་གིས་བླ་ཆེན་མཆོག་གི་ཆིབས་སྒྱུར་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། གཅིག་བྱས་ནས་བླ་ཆེན་མཆོག་གི་གནམ་གྲུ་འཁྱུག་ཙམ་རིང་མོ་སི་ཀོའི་གནམ་ཐང་དུ་བཀག་སྟེ་ཨུ་རུ་སུའི་ཡེ་ཤུ་སྲོལ་རྒྱུན་ཆོས་ལུགས་ཀྱི་དབུ་ཁྲིད་ཀི་རིལ་དང་མཇལ་འཕྲད་གནང་སྲིད་ཅེས་ཊ་སི་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ། དེང་སྐབས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་འབྲེལ་བ་བཅད་ཡོད་པས་བླ་ཆེན་མཆོག་མོ་སི་ཀོའི་གནམ་ཐང་དུ་བཞུགས་ན་ཨུ་རུ་སུའི་ཆེ་མཐོང་ལ་ཕན་ཐོགས་ཡོད་པའི་གནས་ཚུལ་ཐོན་འདུག

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། སོག་ཡུལ་དུ་མི་འབོར་ས་ཡ་༣་དང་འབུམ་༣་ཡས་མས་ཤིག་ལས་མེད་ཀྱང་རྒྱ་ནག་ལ་བར་ཐག་ཉེ། སོག་ཡུལ་གྱི་ཆགས་ཡུལ་དེ་གདན་ས་ཝེ་ཊི་ཁན་ལ་ཡེ་ཤུའི་ཆོས་ལུགས་ཁྱབ་སྤེལ་ཀྱི་སྲིད་ཇུས་ལ་གནད་འགག་ཤིན་ཏུ་ཆེ། ཉེ་བའི་ལོ་ཤས་ཤིག་ནས་བླ་ཆེན་ཕོབ་མཆོག་དང་གདན་ས་ཝེ་ཊི་ཁན་གྱིས་རྒྱ་ནག་ལ་འབྲེལ་བ་བཙུགས་ཏེ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འབྲང་བ་ཚོའི་གནས་སྟངས་ཡར་རྒྱས་གཏོང་ཐབས་སུ་འབད། འོན་ཀྱང་རྒྱ་ནག་གཞུང་གིས་རང་ཡུལ་གྱི་ཡེ་ཤུའི་ཆོས་དད་པ་རྣམས་སོག་ཡུལ་དུ་བཏང་སྟེ་བླ་ཆེན་མཆོག་ལ་མཇལ་དུ་འཇུག་རྒྱུ་ཡིན་མིན་གསལ་ཆ་མ་ཐོན། རྒྱ་ནག་ནི་སོག་ཡུལ་གྱི་ཚོང་གྲགས་རྒྱལ་ཁབ་ཨང་དང་པོ་ཡིན་པ་སྟེ། སོག་ཡུལ་གྱི་རྡོ་སོལ་དང་ཟངས། ཁུ་ལུ་རྣམས་རྒྱ་ནག་ལ་འཚོང་གི་ཡོད་པ་དང་སོག་ཡུལ་གྱི་དངོས་ཟོག་རྣམས་རྒྱལ་ཁབ་གསུམ་པ་ཞིག་ལ་སྐྱེལ་འདྲེན་བྱེད་པའམ། ཡང་ན་རྒྱལ་ཁབ་གཞན་ནས་སོག་ཡུལ་དུ་དངོས་ཟོག་སྐྱེལ་འདྲེན་བྱ་དགོས་ན་རྒྱ་ནག་གི་ལྕགས་ལམ་འབའ་ཞིག་ལ་བརྟེན་དགོས།།

༡༩༩༠་ཐམ་པའི་ལོར་སོག་ཡུལ་དུ་དམར་ཤོག་གི་ལམ་ལུགས་ཉམས་པའི་རྗེས་སུ་བོད་བརྒྱུད་ནང་བསྟན་སླར་གསོ་བྱུང་། སོག་པོ་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སུ་རྩི་བཞིན་ཡོད་ཀྱང་རྒྱ་ནག་གིས་རྟག་ཏུ་སོག་པོའི་གཞུང་ལ་གནོན་ཤུགས་སྤྲད་ནས་༧གོང་ས་ཏཱ་ལའི་བླ་མའི་ཆིབས་སྒྱུར་འགོག་གི་ཡོད་པའི་གནས་ཚུལ་ཐོན། ཡེ་ཤུ་གནམ་བདག་ཆོས་ལུགས་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། བླ་ཆེན་ཕོབ་མཆོག་སོག་ཡུལ་དུ་ཕེབས་ཀྱི་ཡོད་པའི་སྐབས་འདིར་རྒྱ་ནག་གཞུང་གིས་ཆོས་ལུགས་བྱེད་སྒོ་དོ་དམ་གྱི་སྒྲིག་ཁྲིམས་ཁག་ཅིག་གཏན་ལ་ཕབ། ཕྱི་ཟླ་༩་པའི་ཚེས་༡་ནས་ཆོས་ལུགས་ཀྱི་མཚོན་རྟགས་རྣམས་ཕྱི་རུ་འགྲེམ་འཇོག་བྱེད་མི་ཆོག ཆོས་པ་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་རྩ་དོན་ལ་བསམ་བློ་གཏོང་དགོས། སྲིད་གཞུང་གི་ཆོག་མཆོད་མེད་པའི་ས་གནས་ཁག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བཀའ་ཕབ་འདུག རྒྱ་ནག་གཞུང་གིས་ཡེ་ཤུ་དང་བོད་པ་ནང་པ་ཚུད་པའི་ཆོས་ལུགས་ཁག་གི་རྗེས་འབྲང་བ་ཚོའི་ཆོས་དད་རང་དབང་འགོག་གི་ཡོད་པ་བླ་ཆེན་ཕོབ་མཆོག་གི་གསུང་བཤད་ནང་དུ་ཐོན་སྲིད་ཅེས་གསར་འགྱུར་སྤེལ།།

ཕྱི་ཟླ་༨་པའི་༢༨་ཉིན་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ཆེན་ཕོབ་མཆོག་གིས་སོག་ཡུལ་གྱི་ནང་པའི་བླ་ཆེན་ཁག་ལ་མཇལ་འཕྲད་གནང་སྟེ་ནང་པ་དང་ཡེ་ཤུའི་འབྲེལ་བ་ཡར་རྒྱས་གཏོང་ཐབས་གནང་གི་ཡོད་ཀྱང་བླ་མཆོག་ནས་རྒྱ་ནག་ལ་བསྟུན་མཁས་དང་རྒྱ་ནག་གཞུང་གིས་བསྐོས་པའི་ཡེ་ཤུའི་ཆོས་དཔོན་ཚོ་ཁས་བླངས། རྒྱ་གཞུང་གི་གནོན་ཤུགས་འོག་བླ་ཆེན་མཆོག་ནས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་ཕོད་ཀྱི་མེད་པ་བཅས་ཀྱིས་སོག་ཡུལ་གྱི་ནང་པ་དང་ཡེ་ཤུའི་ཆོས་སྡེའི་འབྲེལ་བ་ཡར་རྒྱས་གཏོང་ཐུབ་རྒྱུ་དཀའ་བར་སྣང་། ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་བླ་ཆེན་ཕོབ་མཆོག་ལ་དད་གུས་ཇི་ལྟར་བྱེད་ཀྱི་ཡོད་པ་ལྟར་སོག་པོ་རྣམས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་པ་དམ་ཚིག་གཡོ་བ་མེད་པ་རེད། སོག་ཡུལ་གྱི་དགའ་ལྡན་དགོན་པས་བླ་ཆེན་ཕོབ་མཆོག་ལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་མཛད་པའི་ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་བཅུ་ཕྲེང་༡༠་པར་མཇལ་འཕྲད་གནང་དགོས་པའི་རེ་བ་བཏོན་ཡང་ཡེ་ཤུའི་བླ་ཆེན་མཆོག་ནས་རྒྱ་ནག་ལ་འཛེམས་ཏེ་ཞལ་བཞེས་གནང་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG