ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༧/༡༧

སོག་ཡུལ་གྱི་ཁུ་ལུའི་ཐོན་སྐྱེད་དང་དུད་འགྲོ་སེམས་ཅན་ལ་གདུག་རྩུབ། 


༄༅།། སོག་ཡུལ་གྱི་ནོར་གནག་གི་ཁུ་ལུ་དང་ར་ཁུལ་གྱིས་བཏགས་པའི་ཁ་དཀྲི་དང་གཟན་གོས། ཞྭ་མོ་དང་ཀམ་པ་ལི་སོགས་ནི་འཛམ་གླིང་གི་ཁྲོམ་རའི་ནང་དུ་རིན་གོང་ཧ་ཅང་ཆེན་པོ་བྱས་ནས་འཚོང་གི་ཡོད་ཅིང་། དུད་འགྲོའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་རིན་གོང་ཆེ་བའི་དངོས་ཟོག་དེ་དག་གི་དོན་དུ་ཕྱུགས་ཟོག་གིས་ཡ་ང་བའི་གདུག་རྩུབ་མྱོང་བ་དང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་འཕོག་གི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༡༡་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སོག་ཡུལ་གྱི་རྩྭ་ཐང་ནི་མུ་མཐའ་མེད་པ་དང་དགུན་གྱི་དུས་སུ་གྲང་ངར་ཆེ་བས་རི་ལུང་ཐམས་ཅད་ཁ་བས་བཀླུབས། དཔྱིད་ཀྱི་དུས་སུ་ཁ་བ་ཞུ་སྟེ་བྱེ་རླུང་ལྡང་ཡང་སོག་པོའི་འབྲོག་པ་ཚོ་ལས་བྲེལ་ཆེ་བའི་དུས་སྐབས་ཤིག་ཡིན་འདུག བྷ་ཡར་ཐུ་རེན་ཞེས་པའི་སོག་མོ་ཞིག་གིས་ང་ཚོས་དཔྱད་ཀར་ཁུ་ལུ་འབལ་དགོས་པས་ལས་བྲེལ་ཆེ། ང་ཚོ་ཉི་མ་ཤར་བ་དང་ལངས་ནས་ཁུ་ལུ་འབལ་གྱི་ཡོད། དཔྱིད་ཀ་ནི་ཁུ་ལུ་བསྡུ་བའི་དུས་སྐབས་ཡིན་ཞེས་བཀྲལ།།

སོག་ཡུལ་དུ་འབྲོག་ཁྱིམ་འབུམ་༣་ལྷག་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་བྷ་ཡར་ཐུ་རེན་ཚང་གི་དཔལ་འབྱོར་ཡོང་འབབ་མང་ཆེ་བ་ར་ཁུལ་བཙོངས་པའི་དངུལ་སྒོར་ཡིན་ཞིང་། ཁོ་མོས་རྒྱུག་ཤད་བརྒྱབ་སྟེ་ར་ཁུལ་བླངས་པ་དང་ར་ལུས་སུ་འབྱར་བའི་ར་ཤིག་རྣམས་བཏུས། སོག་ཡུལ་ནས་ཐོན་པའི་ར་ཁུལ་གྱི་བལ་སླན་དང་ཁ་དཀྲི། ཀམ་པ་ལི་དང་ཞྭ་མོ་རྣམས་རིན་གོང་ཆེ་བ་དང་འཛམ་གླིང་གི་ཁུ་ལུའི་ཐོན་སྐྱེད་བརྒྱ་ཆ་༤༠་ཡས་མས་ཤིག་སོག་ཡུལ་ནས་འཐོན་གྱི་ཡོད་པ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་ལས་གཞི་ཁང་གིས་༢༠༢༡་ལོར་སོག་ཡུལ་གཅིག་པུ་ནས་ཁུ་ལུ་མེ་ཊི་རིག་ཊོན་(Metric ton)་༡༠༠༠༠་ལྷག་ཐོན། སོག་ཡུལ་གྱི་ཕྱིར་ཚོང་དངོས་ཟོག་གཙོ་བོ་ཞིག་ཁུ་ལུ་རེད་ཅེས་སྙན་ཐོ་བཏོན། འཛམ་གླིང་གི་ཚོང་རའི་ནང་དུ་སོག་ཡུལ་གྱི་ཁུ་ལུ་དགོས་མཁོ་ཅི་ཙམ་ཆེ་རུ་ཕྱིན་ན་དེ་ཙམ་གྱིས་ར་དང་ནོར་གནག་འཚོ་སྐྱོང་བྱ་རྒྱུ་མང་དུ་བཏང་སྟེ་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་ཕོག དེང་སྐབས་སོག་ཡུལ་གྱི་རྩྭ་ཐང་དུ་འཚོ་སྐྱོང་བྱེད་བཞིན་པའི་རའི་གྲངས་འབོར་ཡ་༢༧་ཟིན་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༡༩་ཉིན་དུད་འགྲོ་བྱམས་སྐྱོང་མི་བུ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་གི་རྒྱས་སྤྲོས་དངོས་ཟོག་ཚོང་ཁང་སྐད་གྲགས་ཅན་ཤེ་ནེལ་(Chanel)་དང་ཌི་འོར།(Dior) གྷུ་ཆི་(Gucci)་དང་ཧར་མེ་སི།(Hermes) ལུ་ཝི་ཝི་ཊོན་(Louis Vuiton)་བཅས་ལ་ཁུ་ལུ་མཁོ་ཚོང་བྱེད་མཁན་ཚོས་ར་ལ་མི་སྤྱོད་ལས་འདས་པའི་གདུག་རྩུབ་བཀོལ་གྱི་ཡོད་པའི་གནས་ཚུལ་སྤེལ། དུད་འགྲོ་བྱམས་སྐྱོང་མི་བུ་ཚོགས་པའི་ལས་སྣེ་ཚོ་ར་ཁུལ་བསྡུ་ས་ཞིག་ཏུ་རྟོག་ཞིབ་ཏུ་བསྐྱོད། ར་རྣམས་རྐང་ལག་བཞི་ཆ་བཀྱིགས་ཏེ་ལྕགས་ཀྱི་རྒྱུག་ཤད་ཅིག་གིས་ཤུགས་ཀྱིས་ར་ཁུལ་བླངས། ར་ཞིག་གི་ལུས་ནས་ཁུལ་རྣམས་ལེན་པར་དུས་ཡུན་ཆུ་ཚོད་གཅིག་འགོར་བ་དང་ཆུ་ཚོད་གཅིག་གི་རིང་ར་དེས་ཚ་སྡུག་ན་སྡུག་ཆེན་པོ་མྱོང་དགོས་ཀྱི་འདུག ར་རྣམས་ལོ་ན་རྒས་ནས་ར་ཁུལ་མང་པོ་མི་སྐྱེ་བའི་དུས་སུ་འབྲོག་པ་ཚོས་ར་སྐེ་བཅད་ནས་གསོད་ཀྱི་འདུག སོག་ཡུལ་ནས་ཁུ་ལུ་ཉོ་བསྡུ་བྱེད་མཁན་བཟོ་ཚོང་ལས་ཁང་གཉིས་ཀྱིས་དུད་འགྲོར་གདུག་རྩུབ་སྤོང་རྒྱུའི་རྒྱལ་སྤྱིའི་གྲོས་མཐུན་ལ་མིང་རྟགས་བཀོད་ཀྱང་ར་ཁུལ་བསྡུ་བའི་དུས་སུ་དུད་འགྲོར་གདུག་རྩུབ་བཀོལ་རྒྱུ་མཚམས་བཞག་མི་འདུག་ཅེས་ཐེར་འདོན་བྱས་འདུག

དུད་འགྲོ་བྱམས་སྐྱོང་མི་བུ་ཚོགས་པས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ར་ཁུལ་གྱི་བཏགས་པའི་ཁ་དཀྲི་དང་བལ་སླན། ཞྭ་མོ་དང་གཟན་གོས། ཀམ་པ་ལི་སོགས་ནི་འཇམ་པོ་དང་ཡང་མོ། དྲོན་པོ་དང་སྤྱི་ཚོགས་སུ་རྒྱུ་སྟོབས་ཅན་གྱི་གྱོན་གོས་སུ་ངོས་འཛིན་བྱེད་སྲོལ་ཡོད་མོད། འོན་ཀྱང་ར་ཁུལ་གྱིས་བཏགས་པའི་གྱོན་གོས་དེ་དག་ལོངས་སུ་སྤྱོད་མཁན་ཚོས་ར་ས་ཡ་མང་པོས་གདུག་རྩུབ་ཆེན་པོ་མྱོང་གི་ཡོད་པ་དང་ཁུ་ལུའི་གྱོན་གོས་འཇམ་པོ་དེའི་རྒྱབ་ཏུ་སྡུག་བསྔལ་བརྗོད་ཀྱིས་མི་ལངས་པའི་གཏམ་རྒྱུད་ཅིག་ཡོད་པ་མི་ཤེས་པར་མ་ཟད། ཁ་གྲག་མི་ཤེས་པའི་དུད་འགྲོ་ལྐུགས་པ་དེ་དག་གི་ན་ཟུག་ལ་བསམ་ཤེས་མེད་པར་ར་ཁུལ་གྱི་གྱོན་གོས་གོན་གྱི་ཡོད་པ་ནི་ཐབས་རྡུགས་རེད་ཅེས་ངོ་རྒོལ་གྱི་ལས་འགུལ་སྤེལ། དུད་འགྲོ་བྱམས་སྐྱོང་མི་བུ་ཚོགས་པའི་འགན་འཛིན་ཊ་རེ་སི་རེ་མན་གྱིས་སེམས་ཅན་ལ་གནོད་འཚེ་ཅི་ཡང་མེད་པའི་ཐོན་སྐྱེད་ཡིན་ཟེར་གྱི་ཡོད་པ་ནི་མགོ་སྐོར་གྱི་གཡོ་གཏམ་དུ་ཟད། ར་ཁུལ་ལེན་པའི་དུས་སུ་ར་ལུས་ལ་རྨས་བཟོས་ཏེ་ཁྲག་དམར་འཛར་འཛར་བཞུར་བ་དང་ར་ཡིས་ན་ཟུག་མ་བཟོད་པར་འབའ་སྐད་སྒྲོགས་ཀྱི་ཡོད་པ་ང་ཚོས་དངོས་སུ་མཐོང་ཐོས་བྱུང་མྱོང་ཡོད་ཅེས་བཤད།།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་ལས་གཞི་ཁང་གིས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཕྱུགས་ཟོག་འཕེལ་ཁ་རྒྱས་པ་བཅས་ཀྱིས་སོག་ཡུལ་གྱི་རྩྭ་ས་བརྒྱ་ཆ་༧༠་ཡས་མས་ཤིག་ས་བཅུད་ཉམས། སོག་ཡུལ་གྱི་སྐྱེ་ཁམས་ལ་གཏན་དུ་གཏོར་བཤིག་ཕོག་ནས་ནོར་གནག་དང་ར་སོགས་ཀྱི་ཁུ་ལུ་ལ་བརྟེན་པའི་ཚོང་ལས་ཁག་རྒྱུན་འཁྱོངས་བྱེད་དཀའ་བའི་གནས་སུ་ལྷུང་རྒྱུའི་ཉེན་ཁ་འདུག་ཅེས་གནས་ཚུལ་སྤེལ། དེར་བརྟེན་རྒྱས་སྤྲོས་ཀྱི་དངོས་ཟོག་ཚོང་ཁང་ཁག་ཅིག་གིས་ཁོར་ཡུག་ལ་གནོད་པ་ཆུང་བའི་ཁུ་ལུ་འཚོལ་ཐབས་དང་སོག་ཡུལ་གྱི་ཇུས་འགོད་པ་མི་རབས་གསར་པ་ཚོས་ཁུ་ལུའི་ཐོན་སྐྱེད་རྒྱུན་མི་ཆད་པ། ས་གནས་ཀྱི་འབྲོག་པ་ཚོར་སྔར་བཞིན་ཁེ་ཕན་ཡོད་པའི་ཐབས་ལམ་ཞིག་འཚོལ་རྒྱུར་རབ་ཏུ་བརྩོན། ཨུ་ན་ཚེ་རིང་རྡོ་རྗེ་ནི་སོག་ཡུལ་དུ་འཚར་ལོངས་བྱུང་བའི་འབྲོག་མོ་ཞིག་ཡིན་ཞིང་། ཁོ་མོས་ལོ་༢༠་ཐམ་པའི་གོང་དུ་ཁྱིམ་འཐག་ཁུ་ལུའི་གྱོན་གོས་ཞེས་ཚོང་ལས་བཙུགས། ཁོ་མོའི་དངོས་ཟོག་རྣམས་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དང་ཧོང་ཀོང་སོགས་ལ་བཙོངས།།

ཨུ་ན་ཚེ་རིང་རྡོ་རྗེས་སེན་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོར་ཁུ་ལུ་ཉོ་ས་མང་པོ་མེད། ང་ཚོས་རང་གི་གྱོན་གོས་ཇུས་འགོད་དང་སོག་ཡུལ་གྱི་བཟོ་གྲྭ་ཁག་ལ་མཉམ་འབྲེལ་བྱེད་ཀྱི་ཡོད། ང་ཚོས་ཁུ་ལུ་གང་ནས་ཡོང་གི་ཡོད་པ་དང་ཁུ་ལུ་ཇི་ལྟར་བསྡུ་བཞིན་པ་རྣམས་ཤེས་ཀྱི་ཡོད། ང་ཚོས་དུར་འགྲོར་གདུག་རྩུབ་མེད་པ་དང་ར་ཁུལ་གྱི་ཐོན་སྐྱེད་རྒྱུན་མི་ཆད་པ་ཞིག་འཚོལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། གལ་ཏེ་ར་ཁུལ་ལ་རིན་གོང་ཆེ་ཙམ་སྤྲོད་དགོས་ཀྱང་དུད་འགྲོར་གདུག་རྩུབ་མྱོང་དུ་མི་འཇུག་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་ནན་བརྗོད་བྱས་འདུག རྒྱལ་སྤྱིའི་བཟོ་ཚོང་ལས་ཁུངས་ཁག་ཅིག་གིས་སོག་ཡུལ་དུ་ནོར་གནག་གི་ཁུལ་ལུ་བསྡུས་ནས་ར་ཁུལ་གྱི་ཚབ་ཏུ་གྱོན་གོས་འཐག་རྒྱུ་མགོ་བརྩམས། ནོར་གནག་གི་ཁུ་ལུ་ཡང་དྲོན་པོ་དང་འཇམ་པོ། ཡང་མོ་ཡིན་རུང་ར་ཁུལ་ལྟར་སྐད་གྲགས་མ་ཐོབ། ནོར་གནག་གི་ཁུ་ལུ་ནི་ར་ཁུལ་ལྟར་ཞིབ་མོ་དང་འཇམ་པོ་མིན་པར་རྒྱ་ཚོས་ཀྱང་འགོས་དཀའ། རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ཅིག་གིས་ཁུ་ལུའི་གྱོན་གོས་རྙིང་པ་རྣམས་བཏགས་ནས་རྒྱུ་ཆ་གོ་སྤྱོད་བསྐྱར་དུ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG