ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བླ་ཆེན་པོབ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་ལ་མཇལ་འཕྲད།


ཕྱི་ཟླ་༣་ཚེས་༡༩་ཉིན་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་དབུ་ཁྲིད། པོབ་ཧྥ་རན་སི་སིའི་ཁྲི་སྟོན་མཛད་སྒོ་དེར་གདན་ས་ཝེ་ཊི་ཁན་གྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་གདན་འདྲེན་ཞུས་ཡོད་ཅིང་། ད་ཐེངས་ཀྱི་ཁྲི་སྟོན་མཛད་སྒོའི་ཐོག་ཏུ་བླ་ཆེན་པོབ་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་ལ་ཐུག་འཕྲད་གནང་སྟེ། པོབ་གསར་པ་དེས་ཆེས་ཐོག་མར་རྒྱ་ནག་དང་ཐེ་ཝན་གཉིས་ལ་ཡུན་རིང་གི་རྩོད་གཞི་ཡོད་པ་དངོས་སུ་མྱོང་བ་དང་། ཐེ་ཝན་ལ་རྒྱལ་ཁབ་༢༣་གྱིས་ཕྱི་འབྲེལ་བཙུགས་ཡོད་པ་དེ་དག་གི་གྲས་སུ་ཡེ་ཤུ་གནམ་བདག་ཆོས་ལུགས་ཀྱི་གདན་ས་ཝེ་ཊི་ཁན་ཡང་ཡོད་ཀྱང་རྒྱ་ནག་གཞུང་གིས་གདན་ས་ཝེ་ཊི་ཁན་གྱིས་ངེས་པར་དུ་ཐེ་ཝན་ལ་ཕྱི་འབྲེལ་བཅད་དེ། རྒྱ་ནག་དང་གདན་ས་ཝེ་ཊི་ཁན་གྱི་འབྲེལ་བ་སླར་གསོ་བྱེད་པར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད། ཕྱི་ལོ་༢༠༠༥་ལོར་ཐེ་ཝན་གྱི་སྲིད་འཛིན་ཁྲེན་ཧྲུའི་པེན་གདན་ས་ཝེ་ཊི་ཁན་ལ་པོབ་ཁྲི་ཐོག་༢༦༤་པ་འཇཱོན་ཕོལ་གཉིས་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་ལ་ཕེབས་ནས་བཟུང་། ད་བར་ཐེ་ཝན་གྱི་སྲིད་འཛིན་ཞིག་ཡུ་རོབ་ལ་གཞུང་འབྲེལ་གྱིས་འཚམས་འདྲིར་ཕེབས་པ་ཐེངས་དང་པོ་ཡིན་ཞིང་། སྐབས་དེར་རྒྱ་ནག་གཞུང་གིས་བློ་ཆེན་པོབ་མཆོག་གི་དགོངས་རྫོགས་མཆོད་འབུལ་ལ་སྐུ་ཚབ་མ་བཏང་བ་མ་ཟད། ཁོ་ཚོས་ཨི་ཊི་ལིའི་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་ཁྲེན་ཧྲུའི་པེན་ལ་ཐོངས་མཆན་སྤྲད་པར་ངོ་རྒོལ་དྲག་པོ་བྱས་པ་དང་། ད་ལོ་ཡང་རྒྱ་ནག་གཞུང་གིས་བླ་ཆེན་པོབ་མཆོག་གི་ཁྲི་སྟོན་མཛད་སྒོར་སྐུ་ཚབ་གང་ཡང་བཏང་མེད་རུང་། པེ་ཅིང་གི་དབང་འཛིན་པ་ཚོས་པོབ་གསར་པ་འདིར་འཚམས་འདྲི་དང་བླ་ཆེན་མཆོག་མཛད་འཕྲིན་རྒྱས་པའི་སྨོན་འདུན་ཞུས་ཏེ། ཐ་ན་ཨི་ཊི་ལིའི་གཞུང་གིས་ཐེ་ཝན་གྱི་སྲིད་འཛིན་མ་དབྱིན་ཇུག་གདན་ས་ཝེ་ཊི་ཁན་ལ་འཚམས་འདྲིར་ཕེབས་ཆོག་པའི་ཐོངས་མཆན་སྤྲད་པར་རྒྱ་ནག་གིས་ངོ་རྒོལ་ཡང་བྱས་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG