ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་རིས་རྒྱ་ནག་ལ་ཞར་མཆོང་གི་འབྲེལ་བ་འཛིན་པའི་དུས་སྐབས་ཡོལ་ཟིན་སྐད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་སྤྱི་ཟླ་༧་པའི་ཚེས་༢༣་ཉིན་ཨ་རིའི་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེར་ཚུགས་པའི་སྲིད་འཛིན་འདས་པོ་ནིཀ་སེན་གྱི་དཔེ་མཛོད་ཁང་དུ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བའི་སྐོར་ལ་གཏམ་བཤད་བྱས་ཡོད་ཅིང་། ཁོང་གིས་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་དང་དབུས་ཞིབ་གཅོད་ལས་ཁང་གི་འགན་འཛིན། ཨ་རིའི་སྤྱི་ཁྱབ་ཁྲིམས་འཛིན་པ་བཅས་ལའང་རྒྱ་ནག་གི་གནད་དོན་ལ་གཏམ་བཤད་གནང་རྒྱུར་གདན་འདྲེན་ཞུས་པ་ཡིན་ཞེས་གསུངས།།

ཁོང་གིས་ལོ་༥༠་གོང་དུ་འཛིན་ནིཀ་སེན་གྱིས་བཏོན་པའི་རྒྱ་ནག་ལ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་དེས་རྒྱ་ནག་དམར་ཤོག་ཚོགས་པའི་མར་ལེ་རིང་ལུགས་ཀྱི་ལམ་ཕྱོགས་སུ་སྐྱོད་པའི་སྲིད་དབང་གི་ངོ་བོར་འགྱུར་བ་ཅི་ཡང་གཏོང་མ་ཐུབ་པར་མ་ཟད། དེ་ལས་ལྡོག་སྟེ་རྒྱ་ནག་ལ་ཁེ་བཟང་ཐོབ་ཡོད། ཨ་རིས་རྒྱ་ནག་མུ་མཐུད་དུ་གྲོས་མོལ་བྱ་དགོས་ཀྱང་མ་བརྟགས་མ་དཔྱད་པར་ཞར་མཆོང་གི་ཡིད་ཆེས་བྱེད་མི་ཉན། ལེགས་ཉེས་ཀྱི་གནད་འགག་མ་ནོར་བར་འབྲེལ་བ་འཛིན་དགོས། ཨ་རིའི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་སོ་སོས་རྒྱ་ནག་གུང་ཁྲན་ཏང་གིས་དབང་སྒྱུར་བྱེད་བཞིན་པའི་རྒྱ་ནག་རྒྱལ་ཁབ་ཚུལ་མཐུན་ཞིག་ལ་ངོས་འཛིན་མི་བྱེད་པར་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་དེར་ངེས་པར་དུ་འགྱུར་བ་གཏོང་དགོས། རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་མི་དམངས་དུང་ཕྱུར་བཅུ་བཞིའི་ཚབ་བྱེད་མི་ཐུབ་ཅེས་བཤད།།

ཐོག་མར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ང་ཚོར་དམིགས་ཡུལ་གསལ་པོ་ཞིག་དང་འགན་ཁུར་གལ་ཆེན་ཞིག་ཡོད་པ་ནི་རྒྱལ་ཁབ་གཉིས་ཀས་ལོ་བཅུ་ཕྲག་ཁ་ཤས་ལ་འབྲེལ་བ་བཙུགས་པའི་རིང་གི་དོ་མཉམ་མིན་པ་དང་ལུགས་མཐུན་མིན་པའི་འབྲེལ་བ་དང་རྒྱ་ནག་གུང་ཁྲན་ཏང་གི་སྲིད་དབང་སྒེར་གཅོད་ཀྱི་བསམ་བློའི་ལྟ་བ་རྣམས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁོངས་སུ་ཕྱོགས་ཡོངས་ནས་གསལ་བཀྲོལ་བྱ་རྒྱུ་དེ་ཡིན། ལོ་རྗེས་མ་ནི་འབུམ་རམས་པ་ཁཱི་སིན་ཇཱར་གསང་བའི་སྒོ་ནས་རྒྱ་ནག་ལ་འཚམས་འདྲིར་ཕྱིན་ནས་དུས་རབས་ཕྱེད་ཀ་འགོར་བའི་ལོ་ཡིན། མ་འོངས་པའི་སྤྱི་ལོ་༢༠༢༢་ལོ་ནི་སྲིད་འཛིན་ནིཀ་སེན་རྒྱ་ནག་ལ་འཚམས་འདྲིར་ཕྱིན་ནས་ལོ་ལྔ་བཅུ་འཁོར་བའི་ལོ་རེད། ཚང་མས་ཤེས་གསལ་ལྟར་སྔོན་གྱི་དུས་སྐབས་དེ་ནི་ད་ལྟ་དང་མི་འདྲ། ང་ཚོས་རྒྱ་ནག་ལ་འབྲེལ་བ་བཙུགས་པ་ནི་ཕྱིས་སུ་རྒྱལ་ཁབ་འདི་དག་མཐུན་སྒྲིལ་དང་མཉམ་ལས་བྱས་ནས་འབྲས་བུ་ཆེན་པོ་ཞིག་་སྨིན་རྒྱུའི་རེ་བ་བརྒྱབ་ནས་བཙུགས་པ་རེད། ཡིན་ནའང་གུང་ཁྲན་ཏང་གིས་འཛམ་གླིང་ལ་ཁས་ལེན་བྱས་པ་རྣམས་ལག་བསྟར་བྱས་མེད་ཅིང་། དེ་རིང་ང་ཚོ་ཚང་མས་ཁ་ལ་ཁ་ཐུམ་བརྒྱབ་ནས་འགོས་ནད་ཀྱིས་འཆི་བཞིན་པའི་མི་གྲངས་འཕར་སྣོན་བཞིན་པའི་གནས་ཚུལ་འདིར་བལྟ་དགོས།།

ཉིན་རེའི་ཞོགས་པར་ང་ཚོ་ཚང་མས་རྒྱ་ནག་གིས་ཧོང་ཀོང་དང་ཞིན་ཅང་ལ་དྲག་གནོན་བྱེད་བཞིན་པའི་གནས་ཚུལ་གལ་ཆེན་རྣམས་ལྟ་ཀློག་བྱ་དགོས་འབྱུང་གི་འདུག ཁེ་ལི་ཧྥོར་ཎི་ཡའི་ལྷོ་ཕྱོགས་ས་ཁུལ་འདི་ལྟ་བུར་མཚོན་ཡང་རྒྱ་ནག་གི་ལུགས་མཐུན་མིན་པའི་ཚོང་ལས་གཉེར་ས་དང་ཨ་རིའི་ས་ཆ་གང་སར་གཏོར་བརླག་ཆེན་པོ་ཕོག་ཡོད། ང་ཚོས་རྒྱ་ནག་གི་དམག་དོན་སྟོབས་ཤུགས་སྔར་ལས་ལྷག་པའི་རྒྱ་སྐྱེད་བཏང་བའི་འཇིགས་སྣང་མྱོང་རྒྱུ་ཡང་ཤུགས་ཆེ་རུ་འགྲོ་བཞིན་འདུག འདས་པའི་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་དུ་རྒྱ་ནག་ལ་འབྲེལ་བ་བྱས་ནས་ཨ་རིའི་མི་དམངས་ལ་གྲུབ་འབྲས་ཅི་ཡང་སྟོན་རྒྱུ་མེད། སྐབས་དེར་ང་ཚོའི་འགོ་ཁྲིད་ཚོས་རྒྱ་ནག་ནི་རང་དབང་དང་དམངས་གཙོའི་ལམ་ལམ་དུ་འགྲོ་དགོས་པའི་དགོས་འདུན་བཏོན་པར་དོན་འཁྱོལ་བྱུང་མེད། ང་ཚོས་ལུགས་མཐུན་མིན་པའི་དངོས་ཡོད་གནས་སྟངས་འདི་དག་ངེས་པར་དུ་ཁས་ལེན་བྱ་དགོས། གལ་ཏེ་ང་ཚོས་ཞིས་ཅིན་ཕིང་གིས་རེ་ལྟོས་འཆང་བཞིན་པའི་རྒྱ་ནག་གི་དུས་རབས་ཤིག་ངོས་ལེན་བྱེད་འདོད་མེད་པར་རང་དབང་ལྡན་པའི་དུས་རབས་ཉེར་གཅིག་པ་ཞིག་ལ་འགྱུར་དུ་འཇུག་འདོད་ཚེ། ལུགས་མཐུན་མིན་པའི་དངོས་ཡོད་གནས་སྟངས་འདི་ངོས་ཟིན་ནས་མ་འོངས་པར་ཨ་རིས་མུ་མཐུད་དུ་རྒྱ་ནག་ལ་ཞར་མཆོང་གིས་འབྲེལ་བ་འཛིན་རྒྱུའི་སྔོན་མའི་ལམ་སྲོལ་དེ་འཁྱོངས་བྱེད་མི་ཉན། ང་ཚོ་ལམ་ཁ་དེར་བསྐྱར་ལོག་བྱེད་མི་ཉན་ཞེས་ནན་བརྗོད་བྱས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེས་ང་ཚོས་ད་ལྟའི་བར་དུ་རྒྱ་ནག་ལ་བསྟུན་མཁས་བྱས་པའི་མཇུག་འབྲས་སུ་རྒྱ་ནག་གུང་ཁྲན་ཏང་གིས་ང་ཚོའི་རང་དབང་དང་གུ་ཡངས་ཀྱི་སྤྱི་ཚོགས་ལམ་ལུགས་དེའི་གོ་སྐབས་སྤྱད་ནས་རྒྱ་གཞུང་གི་དྲིལ་བསྒྲགས་མི་སྣ་ང་ཚོའི་གསར་འགོད་ལྷན་ཚོགས་དང་ཉམས་ཞིབ་ལྟེ་གནས། ང་ཚོའི་སློབ་གྲྭ་ཆེ་འབྲིང་ཁག་ལ་བཏང་ཡོད་པར་མ་ཟད། ཐ་ན་ཁྱིམ་བདག་དང་དགེ་རྒན་ལྷན་ཚོགས་ཀྱི་ཚོགས་འདུའི་ནང་དུའང་གཏོང་གི་འདུག ཐེ་ཝན་གྱི་དམངས་གཙོ་ནི་མ་འོངས་པར་སྟོབས་དང་ལྡན་པ་ཞིག་ལ་འགྱུར་དགོས། དེ་སྔོན་རྒྱ་ནག་གི་མངོན་འདོད་ལྟར་ཨ་རིའི་མཁའ་ལམ་འགྲིམ་འགྲུལ་ལས་ཁང་ཁག་གིས་རང་གི་དྲྭ་ལམ་རེའུ་མིག་ནང་དུ་ཝེ་ཝན་ཞེས་འཁོད་ཡོད་པ་རྒྱ་ནག་གི་ཐེ་ཝན་ཞེས་མིང་བྱང་བསྒྱུར་དགོས་བྱུང་བ་དང་། དེ་བཞིན་ཨ་རིའི་ཧོ་ལི་ཝུ་ཌི་གློག་བརྙན་བཟོ་སྐྲུན་ཁང་གིས་ཀྱང་ཕྱོགས་གང་ཐད་དུ་རྒྱ་ནག་ལ་ཕོག་ཐུག་གཏོང་རྒྱུར་འཛེམ་ཟོན་དང་རང་གིས་རང་ལ་ཞིབ་བཤེར་བྱེད་ཀྱིན་འདུག ཨ་རིའི་ཁེ་ལས་ཁག་གིས་ཀྱང་རྒྱ་ནག་གི་བཀའ་བཀོད་ངོས་ལེན་བྱེད་བཞིན་པ་ནི་འཛམ་གླིང་ས་ཆ་གང་སར་འབྱུང་བཞིན་པའི་གནས་ཚུལ་ཤིག་རེད། ཡིན་ནའང་རྒྱ་ནག་གིས་ང་ཚོར་བསྟུན་མཁས་བྱེད་ཀྱི་མེད་པ་སྟེ། རྒྱ་ནག་གི་དམིགས་ཡུལ་ནི་ཨ་རིར་ཚོང་འབྲེལ་བཙུགས་ནས་ཨ་རིར་འཕྲོག་བཅོམ་བྱ་རྒྱུའི་དམིགས་ཡུལ་རེད་ཅེས་དང་། ཁོང་གིས་ཨ་རིའི་ཁྲིམས་འཛིན་སྤྱི་ཁྱབ་ཀྱི་སྐད་ཆ་ཞིག་ལུང་འདྲེན་བྱས་ནས་རྒྱ་ནག་གིས་ད་ལྟའི་ཆར་རྒྱ་ནག་ནང་ཁུལ་དུ་སྒེར་གཅོད་ཤུགས་ཆེ་ནས་ཆེ་རུ་གཏོང་བཞིན་འདུག ཁོ་ཚོས་གང་ནུས་ཀྱིས་འཛམ་གླིང་རྒྱལ་ཁབ་གཞན་གྱི་རང་དབང་ཡང་དགྲ་རུ་འཛིན་གྱི་འདུག་ཅེས་བཤད།།

ང་ཚོས་མུ་མཐུད་དུ་གྲོས་མོལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་མོད། ཡིན་ནའང་ད་ལྟའི་གྲོས་མོལ་དེ་སྔོན་དང་འདྲ་མི་སྲིད། གཟའ་འཁོར་འགའི་སྔོན་ལ་ང་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་གཙོ་བོ་དབྱང་ཅེ་ཊི་ལ་ཐུག་འཕྲད་བྱས་པ་ཡིན། ཁོ་པས་སྔོན་གྱི་བསམ་ཚུལ་དང་སྐད་ཆ་རྙིང་པ་རྣམས་བསྐྱར་ཟློས་བྱས་པ་ལས་དོན་དངོས་ཐོག་ཏུ་འགྱུར་བ་གཏོང་རྒྱུའི་རྣམ་འགྱུར་གང་ཡང་བསྟན་མ་སོང་། རྒྱ་ནག་གི་རེ་འདུན་རྣམས་ང་ཚོར་ངོས་ལེན་བྱེད་དུ་འཇུག་རྒྱུའི་འཆར་གཞི་རེད། ཨ་རིའི་སྲིད་གཞུང་སྔོན་མ་ཚོས་དེ་ལྟར་ངོས་ལེན་བྱས་ནས་འགྲིགས་ཡོད་པས་ང་ཚོས་ཀྱང་དེ་ལྟར་ངོས་ལེན་བྱ་རྒྱུ་རེད་བསམས་ཡོད་སྲིད། སྲིད་འཛིན་ཌོ་ནལ་ཊམ་གྱིས་དེ་ལྟར་ཁས་ལེན་བྱེད་མི་སྲིད་ཅེས་བཤད།།

ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པའི་སྐད་ཆ་ཞིག་ལུང་འདྲེན་བྱས་དོན། རྒྱ་ནག་གུང་ཁྲན་ཏང་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཀྱི་སྲིད་གཞུང་ཞིག་རེད། ཞིས་ཅིན་ཕིང་ནི་ཕམ་ཉེས་བྱུང་བའི་སྒེར་གཅོད་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ལ་དད་མོས་བྱེད་མཁན་ཞིག་རེད། ཁོ་པའི་འདུ་ཤེས་འཛིན་སྟངས་ལ་བརྟེན་ནས་རང་ཉིད་ལོ་མང་རིང་གུང་ཁྲན་རིང་ལུགས་སྲིད་དབང་སྒེར་གཅོད་ཀྱི་མངོན་འདོད་ལག་བསྟར་བྱེད་བཞིན་པ་ཞིག་རེད། ཨ་རིས་མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་འདུ་ཤེས་འཛིན་སྟངས་གཏན་ནས་མཚུངས་ཀྱི་མེད་པའི་གནས་སྟངས་འདིར་གཟབ་ནན་བྱེད་དགོས།།

ང་ཚོ་རང་དབང་ལ་དགའ་བའི་འཛམ་གླིང་རྒྱལ་ཁབ་ཁག་གིས་སྣེ་ཁྲིད་ནས་རྒྱ་ནག་ལ་ངེས་པར་དུ་འགྱུར་བ་གཏོང་དགོས། ང་ཚོས་གསར་གཏོད་དང་སྟོབས་ཤུགས་ལྡན་པའི་ཐབས་ལམ་བརྒྱུད་ནས་རྒྱ་ནག་ལ་འགྱུར་བ་གཏོང་དགོས་ཤིང་། པེ་ཅིང་གི་བྱེད་སྟངས་ཁག་གིས་ང་ཚོའི་མི་དམངས་དང་ང་ཚོའི་དར་རྒྱས་ལ་གནོད་པ་སྐྱེལ་གྱི་ཡོད། དེས་ན་ང་ཚོས་ངེས་པར་དུ་ཨ་རིའི་མི་དམངས་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱ་ནག་གུང་ཁྲན་ཏང་ལ་འཛིན་བཞིན་པའི་ལྟ་སྟངས་ལ་འགྱུར་བ་གཏོང་རྒྱུ་མགོ་རྩོམ་དགོས།།

རྒྱ་ནག་ལ་ཚོང་འབྲེལ་བཙུགས་པའི་དབང་དུ་བཏང་རུང་ཁྲིམས་ལ་བརྩི་མཁན་གྱི་རྒྱལ་ཁབ་ལུགས་མཐུན་པ་ཞིག་ལ་ཚོང་ལས་གཉེར་བ་དང་མི་འདྲ་བར་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་ལྟ་བུར་མཚོན་ན་བཟོ་ཚོང་ཁང་དེས་རང་རྐྱ་ཐུབ་པའི་ཚོང་དོན་ལྷན་ཚོགས་ཀྱི་ཁ་ལ་མི་ཉན་པར་གཞུང་གི་ཁ་ལ་ཉན་དགོས་ཀྱི་འདུག འདི་ནི་གཞུང་གིས་རོགས་སྐྱོར་བྱེད་ཀྱི་ཡོད་པས་ཚོང་གི་ཁེ་ཕན་དེ་གལ་ཆེན་པོར་རྩི་བཞིན་མེད། དཔེར་ན་རྒྱ་ནག་གི་ཧྭ་ཝེ་བཟོ་ཚོང་ཁང་ལྟ་བུ་རེད་ཅེས་བསྟན།།

རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་ལ་མཚོན་ན་ལུགས་མཐུན་གྱི་དམག་སྡེ་ཞིག་མིན་པར་དམག་སྡེ་འདིའི་དམིགས་ཡུལ་ནི་རྒྱ་ནག་གུང་ཁྲན་ཏང་གི་བླ་ན་མེད་པའི་དབང་ཆར་སྲུང་སྐྱོབ་བྱས་ཏེ་ཀྲུང་ཧྭ་བཙན་རྒྱལ་ཡར་རྒྱས་ཀྱི་ཆེད་དུ་ཡིན་པ་ལས། རྒྱ་ནག་མི་དམངས་ལ་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་མ་རེད། ཨ་རིའི་དམག་དཔུང་གིས་ཤར་དང་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་དང་ཐེ་ཝན་མཚོ་འགག་བཅས་ཀྱི་མཚོ་འགྲུལ་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་དེར་ཤུགས་སྣོན་རྒྱག་དགོས་ཞེས་བཤད།།

ང་ཚོས་དྲག་པོའི་སྟོབས་ཤུགས་གཅིག་པོར་བརྟེན་ནས་དམིགས་ཡུལ་འགྲུབ་ཐུབ་པ་ཞིག་མིན། ང་ཚོས་ངེས་པར་དུ་རྒྱ་ནག་མི་དམངས་ལ་འབྲེལ་བ་བཙུགས་ནས་ཁོ་ཚོར་སྟོབས་ཤུགས་བསྐྱེད་དགོས། ཁོ་ཚོ་ནི་རྒྱ་ནག་གུང་ཁྲན་ཏང་དང་གཏན་ནས་མི་འདྲ་བར་ནུས་སྟོབས་ཆེ་ཞིང་། རང་དབང་ལ་དགའ་བའི་མི་དམངས་ཤིག་ཡིན། ཉེ་ཆར་ང་ཞིན་ཅང་དང་ཧོང་ཀོང་གི་རང་དབང་དོན་གཉེར་བ་ཐུག་འཕྲད་བྱས་པ་ཡིན། དེ་རིང་གཏམ་བཤད་བྱ་ཡུལ་འདིར་དངོས་སུ་ཡོད་པའི་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཝི་ཅིན་ཧྲིན་དང་ཝང་ཏན་གཉིས་ལ་དམིགས་བསལ་གྱི་འཚམས་འདྲི་ཡོད། ད་ནི་འཛམ་གླིང་གི་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་དམངས་གཙོའི་མནའ་འབྲེལ་གསར་བ་ཞིག་འཛུགས་རྒྱུའི་དུས་ལ་བབ་ཡོད་པ་བརྗོད་ཅིང་། རང་དབང་ལྡན་པའི་འཛམ་གླིང་གིས་དྲག་སྤྱོད་ཀྱི་སྲིད་གཞུང་གསར་པ་དེ་རྣམས་ངེས་པར་དུ་ཕམ་པར་རྒྱག་ཐུབ་པ་ངེས་གཏན་ཡིན་ཞེས་བཤད་འདུག

དེའི་རྗེས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེས་རྒྱ་ནག་གུང་ཁྲན་ཏང་གི་བྱ་སྤྱོད་ལ་འགྱུར་བ་གཏོང་རྒྱུ་དེ་རྒྱ་ནག་མི་དམངས་གཅིག་པོའི་འགན་འཁུར་མ་ཡིན་པར་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་ཀྱང་རང་དབང་སྲུང་སྐྱོབ་ཀྱི་ལས་དོན་བསྒྲུབ་དགོས་ཤིང་། འདི་ནི་གཏན་ནས་སྣང་མེད་དུ་གཏོང་མི་རུང་བའི་ལས་དོན་གལ་ཆེན་ཞིག་རེད། ང་ཚོས་ལས་དོན་འདི་འགྲུབ་པར་ང་ལ་ཡིད་ཆེས་ཡོད། ད་ནི་དུས་ལ་བབས་སོང་། ད་ནི་རང་དབང་ལྡན་པའི་རྒྱལ་ཁབ་ཁག་གིས་ལས་མགོ་རྩོམ་པའི་དུས་ལ་བབས་སོང་། ང་ཚོས་བསྐྱར་དུ་ནོར་འཁྲུལ་བཟོ་མི་རུང་། རྒྱ་ནག་ལ་ཁ་གཏད་གཅོག་པར་ཡུ་རོབ་དང་ཨ་ཧྥི་རི་ཀ ལྷོ་ཨ་མི་རི་ཀ་བཅས་དགོས་པར་མ་ཟད། ཁྱད་པར་དུ་རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་ཀྱང་ནུས་ཤུགས་རྒྱག་དགོས། གལ་ཏེ་ད་ལྟ་ང་ཚོས་འགུལ་སྐྱོད་མ་བྱས་པ་ཡིན་ན་མཐའ་མཇུག་རྒྱ་ནག་གུང་ཁྲན་ཏང་གིས་ང་ཚོའི་རང་དབང་བརླག་ངེས་རེད། རྒྱལ་ཁབ་སོ་སོས་དཀའ་ལས་བརྒྱབ་སྟེ་བཙུགས་པའི་སྒྲིག་སྲོལ་རྣམས་མགོ་རྟིང་སློག་ངེས་རེད། ད་ལྟ་ང་ཚོ་གཉའ་ཆག་པ་ཡིན་ན་ང་ཚོའི་མི་རབས་རྗེས་མ་རྣམས་རྒྱ་ནག་གུང་ཁྲན་གྱི་དབང་སྒྱུར་འོག་ཚུད་ངེས་རེད། རྒྱ་ནག་གུང་ཁྲན་ཏང་ལ་ཁ་གཏད་གཅོག་རྒྱུ་ནི་ད་ལྟའི་རང་དབང་ལྡན་པའི་འཛམ་གླིང་འདིའི་ལས་འགན་གཙོ་བོ་དེ་རེད་ཅེས་གཏམ་བཤད་གནང་འདུག

XS
SM
MD
LG