ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པ། 


ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་དོན་གཅོད་ཁང་།

༄༅།། རྒྱ་ནག་གཞུང་གིས་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་སྟེ་ཨ་རིའི་གཞུང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པར་ལན་པ་སློག་འདུག དེ་ཡང་ཕྱི་ཟླ་༧་ཚེས་༢༤་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། རྒྱ་ནག་གིས་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པ་ནི་ཨ་མི་རི་ཀས་དག་སྐྱེལ་བྱ་ཐབས་མེད་པར་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པར་དགོས་ངེས་དང་འོས་འཚམས་ཀྱི་ལན་པ་སློག་པ་ཞིག་ཡིན། ང་ཚོར་ཕྱོགས་གཉིས་ཀྱི་འབྲེལ་བ་ཐབས་རྡུགས་པོ་འདི་འདྲ་ཞིག་ལ་འགྱུར་དུ་འཇུག་འདོད་མེད། ཡིན་ནའང་དེའི་ལན་ཁག་ཐམས་ཅད་ཨ་མི་རི་ཀར་ཡོད། ཨ་མི་རི་ཀས་འཕྲལ་དུ་རང་གི་ནོར་འཁྲུལ་གྱི་སྲིད་ཇུས་དེ་དག་ཕྱིར་འཐེན་དང་ཡོ་བསྲང་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སོར་ཆུད་ཐུབ་པའི་ཆ་རྐྱེན་བསྐྲུན་དགོས། བདུན་ཕྲག་རྗེས་མའི་གཟའ་ཟླ་བ་མི་འགྱངས་པར་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་སྒོ་བརྒྱབ་ཚར་དགོས་ཞེས་ཁྱབ་བསྒྲགས་བྱས་འདུག

གཟའ་འཁོར་འདིར་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་དོན་གཅོད་ཁང་སྒོ་རྒྱག་ཏུ་འཇུག་གི་ཡོད་པ་ནི་ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་སྡུག་ཏུ་འགྲོ་བཞིན་པའི་རྟགས་མཚན་ཞིག་མཚོན་ཐུབ། ༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀས་བོད་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ་པའི་རྗེས་སུ་རྒྱ་ནག་གཞུང་གིས་ལྷ་སར་བཅའ་སྡོད་རྒྱ་གར་གྱི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཁང་དང་དོན་གཅོད་ཁང་ཞིག་སྒོ་རྒྱག་ཏུ་བཅུག་མྱོང་མེད་ཅིང་། ཨ་རིའི་གཞུང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་སྒོ་བརྒྱབ་ཚར་དགོས་ཞེས་བཀའ་བཏང་བ་ལྟར་རྒྱ་ནག་གིས་ཀྱང་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་ཆུ་ཚོད་༧༢་ཀྱི་ནང་ཚུད་དུ་སྒོ་བརྒྱབ་ཚར་དགོས་ཞེས་བཀའ་བཏང་འདུག དེ་རིང་གཟའ་པ་སངས་ཀྱི་ཉིན་གུང་ནས་རྒྱ་ནག་གི་ཉེན་རྟོག་པ་རྣམས་ཨ་རིའི་དོན་གཅོད་ཁང་གི་མདུན་ལམ་དུ་བཀྲམ་ནས་འགྲིམ་འགྲུལ་བཀག རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་སྒོ་བརྒྱབ་པ་ནི་ཨ་མི་རི་ཀས་རྒྱ་ནག་ལ་ཐུབ་ཚོད་བྱས་པ་དེར་ལན་པ་སློག་པ་ཡིན། ཨ་མི་རི་ཀས་རྒྱ་ནག་གི་མགོ་བོ་མནན་ནས་ཐུབ་ཚོད་བྱེད་ཀྱི་འདུག ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་པ་ཨ་རིའི་མི་དམངས་ལ་དགྲ་ལན་སློག་པ་ཞིག་མིན། ཨ་མི་རི་ཀའི་མཐའ་ལྷུང་རིང་ལུགས་པ་ཉུང་ཤས་ཤིག་ལ་ལན་པ་སློག་པ་ཡིན་ཞེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱིན་ཡོད།

ཨ་རིའི་གཞུང་གིས་ཧིའུ་སི་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་གིས་ཨ་མི་རི་ཀའི་རིག་གནས་བདག་དབང་དང་སྤྱི་སྒེར་གྱི་གསང་བའི་གནས་ཚུལ་རྣམས་རྐུ་འཁྱེར་དང་གསང་ཉུལ་གྱི་ལས་དོན་སྒྲུབ་ཀྱི་འདུག་ཅེས་རྒྱུ་མཚན་བགྲངས། སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀར་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་མང་ཙམ་སྒོ་རྒྱག་ཏུ་འཇུག་སྲིད་ཅེས་ཉེན་བརྡ་བཏང་ཞིང་། ད་ལྟ་རྒྱ་ནག་གི་དམག་དོན་གསང་བའི་ལས་ཁང་ལ་འབྲེལ་བ་ཡོད་པའི་སྐྱེ་དངོས་ཚན་རིག་པ་ཐང་ཅོན་ཞེས་པ་ཞིག་ཀྱང་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་དུ་སྐུང་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པས་ཨ་རིའི་གཞུང་གིས་སན་ཧྥ་རན་སེ་སི་ཀོ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་ཡང་སྒོ་རྒྱག་ཏུ་འཇུག་སྲིད་ཅེས་གླེང་སློང་བྱེད་འགོ་ཚུགས། ཧིའུ་སོ་ཊོན་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་མ་བཏང་སྔོན་དེར་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཚོས་ཡིག་ཆ་མང་པོ་ཞིག་ར་དཀྱིལ་དུ་མེར་སྲེག་བཏང་བར་མ་ཟད། ཁ་སང་གཟའ་ཕུར་བུའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧིའུ་སི་ཊོན་གྲོང་ཁྱེར་གྱི་རྒྱ་ནག་གི་དོན་གཅོད་ཁང་དེ་གསང་ཉུལ་གྱི་ཚང་ཞིག་རེད་ཅེས་སྐྱོན་བཙུགས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་དོན་གཅོད་ཁང་དེས་དྲྭ་ལམ་ནས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག་ལག་རྩལ་གྱི་ཞིབ་འཇུག་གི་གྲུབ་འབྲས་ཕོན་ཆེན་ཞིག་རྐུ་འཁྱེར་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས།།

ཨ་མི་རི་ཀར་རྒྱ་ནག་གི་ས་ཐོག་ཏུ་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དང་ཧྲང་ཧེ། ཀོང་ཀྲུག་དང་ཧྲེན་དབྱང་། ཝུ་ཧན་དང་ཁྲེང་ཏུའུ་བཅས་སུ་དོན་གཅོད་ཁང་རེ་བཅས་ཁྱོན་བསྡོམས་ཨ་མི་རི་ཀར་གཞུང་ཚབ་ཁང་དང་དོན་གཅོད་ཁང་༦་ཡོད་པ་དང་། རྒྱ་ནག་ལའང་ཨ་རིའི་ས་ཐོག་ཏུ་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་སྡོད་རྒྱ་ནག་གི་གཞུང་ཚབ་ཁང་དང་ནེའུ་ཡོཀ་གྲོང་ཁྱེར། ཆི་ཁ་གྷོ་དང་སན་ཧྥ་རན་སེ་སི་ཀོ ལོ་སི་ཨན་ཇཱི་ལི་སི་དང་ཧིའུ་སི་ཊོན་གྲོང་ཁྱེར་བཅས་ཁྱོན་བསྡོམས་རྒྱ་ནག་ལ་གཞུང་ཚབ་ཁང་དང་དོན་གཅོད་ཁང་༦་ཡོད་ཅིང་། ཨ་རིའི་གཞུང་གིས་རང་གི་དོན་གཅོད་ཁང་བདུན་པ་དེ་བོད་ཀྱི་རྒྱལ་ས་ལྷ་སར་སྒོ་འབྱེད་དུ་འཇུག་དགོས། རྒྱ་ནག་གཞུང་གིས་དེ་ལ་མོས་མཐུན་མ་བྱས་ན་བྷོ་སི་ཊོན་དང་ཨེ་ཊི་ལན་ཊ་སོགས་ཨ་རིའི་གྲོང་ཁྱེར་གཅིག་ལའང་རྒྱ་ནག་གི་དོན་གཅོད་ཁང་སྒོ་འབྱེད་དུ་འཇུག་མི་ཆོག་ཅེས་ཨ་རིའི་གྲོས་ཚོགས་ཀྱིས་བཅའ་ཁྲིམས་གཏན་འབེབས་བྱས་འདུག ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་གིས་བོད་རང་སྐྱོང་ལྗོངས་དང་ཁྲུང་ཆིང་། སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན། གུའི་ཀྲུག་ཞིང་ཆེན་བཅས་ནས་ཨ་མི་རི་ཀར་ཐོངས་མཆན་ཞུ་རུ་ཡོང་མཁན་དང་ཚོང་ལས་གཉེར་མཁན་ཚོའི་གནད་དོན་རྣམས་ཐག་གཅོད་བྱ་དགོས། རྒྱ་ནག་གཞུང་གིས་ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་ན་བོད་རང་སྐྱོང་ལྗོངས་དང་ཡུན་ནན། སི་ཁྲོན་ཞིང་ཆེན་ཁོངས་སུ་དབྱེ་སྒོ་བྱེད་ཡོད་པའི་བོད་པ་ཚོ་པེ་ཅིང་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་བཅར་དགོས་ཐུག་གི་ཡོད་པ་རེད།།

ཨོ་གླིང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མི་སྣ་ཟུར་པ་དང་རྒྱ་ནག་དང་ཨ་མི་རི་ཀའི་གནད་དོན་དབྱེ་ཞིབ་པ་ན་ཐ་ཤ་ཁ་སམ་གྱིས་བཤད་པ་ལྟར་ན། རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་བ་ཚད་འདི་འདྲ་ཞིག་ལྷུང་རྒྱུ་རེད་བསམས་མྱོང་མེད། ཁྲེང་ཏུའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་རིའི་དོན་གཅོད་ཁང་མེད་ན་ཨ་མི་རི་ཀས་རྒྱ་ནག་གི་ལྷོ་ནུབ་ཕྱོགས་སུ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་ཤེས་རྟོགས་ཐུབ་རྒྱུ་མ་རེད་ཅེས་བཤད། ཉམས་ཞིབ་པ་གཞན་ཚོས་ཀྱང་རྒྱ་ནག་དང་ཨ་མི་རི་ཀས་ཕན་ཚུན་དོན་གཅོད་ཁང་སྒོ་རྒྱག་ཏུ་བཅུག་ན་གཅིག་གི་ཐབས་ཇུས་རྣམས་གཅིག་ཤོས་ཀྱི་མི་ཤེས་པར་རྣམ་རྟོག་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་རེད། འདས་པའི་ལོ་གསུམ་གྱི་རིང་ལ་རྒྱ་ནག་དང་ཨ་མི་རི་ཀས་ཕྱོགས་གཉིས་ཀྱི་འབྲེལ་བ་གཙབ་རལ་དུ་གཏོང་གི་འདུག་ཅེས་བཤད། ཁེ་ན་ཌའི་ཕྱི་འབྲེལ་མི་སྣ་ཟུར་པ་ཞིག་གིས་༢༠༠༡་ལོར་ཨ་མི་རི་ཀའི་རྒྱབ་སྐྱོར་འོག་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཁོངས་སུ་ཚུད་ནས་བཟུང་། རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས་རྣམས་ཁ་འབྲལ་ཐབས་མེད་པ་ཞིག་ལ་གྱུར་སོང་། སྲིད་འཛིན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་དང་ཨ་མི་རི་ཀའི་དཔལ་འབྱོར་འབྲེལ་བ་གཅོད་ཐབས་བྱེད་ཀྱི་ཡོད་པ་འདིར་ཕུགས་རྒྱང་རིང་པོར་ཤུགས་རྐྱེན་ཞིག་ཐེབས་སྲིད། ༢༠༡༨་ལོར་སྲིད་འཛིན་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ཚོང་དམག་མ་བསླངས་སྔོན་དེར་རྒྱ་ནག་ནི་ཨ་མི་རི་ཀའི་ཚོང་གྲོགས་རྒྱལ་ཁབ་ཨང་དང་པོ་རེད། ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གཙོས་བཟོ་ཚོང་ལས་ཁང་ཆེ་ཁག་དང་ཧོ་ལི་ཝུ་ཌིའི་གློག་བརྙན། རྒྱལ་ཡོངས་ལག་རྩེ་ལྒང་ལི་སོགས་བཟོ་ཚོང་ལས་ཁང་གྲངས་ལས་འདས་པ་ཞིག་གི་ཁེ་སང་རྣམས་རྒྱ་ནག་ནས་ཡོང་གི་འདུག ཨ་མི་རི་ཀའི་རིག་གཞུང་དང་མཐོ་སློབ་ཁག་གི་ཡན་ལག་སྟོང་ཕྲག་མང་པོ་རྒྱ་ནག་གི་ས་ཐོག་ཏུ་ཚུགས་ཏེ་ཕྱོགས་གཉིས་ཀར་ཚོང་ལས་རྒྱ་ཆེན་པོ་ཡོད་པ་རྣམས་བློས་གཏོང་རྒྱུ་ཡིན་ནམ། གལ་སྲིད་བློས་བཏང་ན་ཕྱོགས་གཉིས་ཀྱི་མི་དམངས་དཀྱུས་མ་ཚོར་གྱོང་གུད་འཕོག་རྒྱུ་ལྡོག་ཏུ་མེད། རྒྱ་ནག་དང་ཨ་མི་རི་ཀས་མཉམ་དུ་ཚོང་ལས་གཉེར་གྱི་ཡོད་པས་ཕྱོགས་གཉིས་ཀྱི་དཀའ་ངལ་དང་འགལ་ཟླ་རྣམས་ཀྱང་མཉམ་དུ་སེལ་དགོས་ཞེས་བསྟན།།

རྒྱ་ནག་དང་ཨ་མི་རི་ཀའི་ཉམས་ཞིབ་པ་མང་པོ་ཞིག་གིས་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བ་སྡུག་ཏུ་འགྲོ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཕྱོགས་གཉིས་ཀྱི་ཚོང་ལས་ཆ་མཉམ་མེད་པ་དེར་ཐུག་མོད། འོན་ཀྱང་ན་ནིང་ལོ་མཇུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཏོག་དབྱིབས་ནད་དུག་ཁྱབ་པ་རྒྱ་ནག་གཞུང་གིས་སྦ་གསང་བྱས་པ་དང་ཉེ་ཆར་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ནས་མངའ་ཁུལ་དེའི་རང་སྐྱོང་གི་ཐོབ་ཐང་མེད་པར་བཏང་བ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ། ཨ་མི་རི་ཀ་དང་དབྱིན་ཇི་སོགས་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དུ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་སྐྱོན་བརྗོད་བྱས་ཀྱང་རྒྱལ་ཁབ་༥༢་ཀྱིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོར་བསྔགས་བརྗོད་བྱས་པ། ལོ་འདིའི་ཕྱི་ཟླ་༡༡་པར་ཨ་མི་རི་ཀར་སྲིད་འཛིན་འོས་འདེམས་བྱེད་ཀྱི་ཡོད་པ་དང་སྲིད་འཛིན་ཌོ་ལ་ཊམ་བསྐྱར་དུ་འདེམས་ཐོན་ཡོང་རྒྱུའི་གོ་སྐབས་ཆུང་དུ་འགྲོ་བཞིན་ཡོད་པས་ཨ་རིའི་གཞུང་གིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་འདུག རྒྱ་ནག་ལ་མཚོན་ནའང་གཅིག་མཚུངས་རེད། ཞིས་ཅིན་ཕིང་ལ་ཏོག་དབྱིབས་ནད་དུག་དང་དཔལ་འབྱོར་ཉམས་རྒུད་ཐོག་ཏུ་སྐྱོན་བརྗོད་འཕོག་གི་ཡོད་པ་འགོག་ཐབས་སུ་མི་རིགས་རིང་ལུགས་ཀྱི་ང་རྒྱལ་བསླངས་ནས་ལངས་ཕྱོགས་མཁྲེགས་འཛིན་བྱ་དགོས་པ་དང་། ཞིས་ཅིན་ཕིང་གིས་མངོན་སུམ་འཛེམས་མེད་དང་ཡོངས་གྲགས་སུ་ཨ་རིའི་སྲིད་འཛིན་དང་ཨ་མི་རི་ཀར་སྐྱོན་བརྗོད་བྱེད་མི་ཕོད་པར་རྒྱ་ནག་གིས་ཀྱང་གུ་བཤངས་བྱ་མི་ཤེས་པའི་གནས་སུ་ལྷུང་འདུག་ཅེས་ཉམས་ཞིབ་པ་ཚོས་རྩོམ་ཡིག་སྤེལ་འདུག

XS
SM
MD
LG