ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་སྲིད་བློན་ལུམྦི་ནིར་ཕེབས་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི།


༄༅།། དེ་རིང་ཕྱི་ཟླ་༥་པའི་ཚེས་༡༦་ཉིན་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ཏུ་མི་ཚོགས་འདུས་ནས་སྟོན་པ་བཅོམ་ལྡན་འདས་སྐུ་འཁྲུངས་པའི་དུས་ཆེན་སྲུང་བརྩི་ཞུས་འདུག བལ་ཡུལ་རྒྱལ་ཁབ་ཀྱིས་དུས་ཆེན་དེར་གཞུང་འབྲེལ་མཛད་སྒོ་ཆེ་ཤོས་དེ་སྟོན་པ་སྐུ་བལྟམས་ཡུལ་ལུམྦི་ནིར་ཚོགས་ཏེ་རྒྱ་གར་གྱི་སྲིད་བློན་མོ་དྷི་སྐུ་མགྲོན་གཙོ་བོར་ཆེད་ཕེབས་ཀྱིས་དུས་ཆེན་སྲུང་བརྩི་དང་གཞུང་འབྲེལ་གྱི་མཛད་སྒོ་ཚོགས། དེ་རིང་གི་དུས་ཆེན་སྐབས་སུ་བལ་ཡུལ་གྱི་དགོན་སྡེ་ཁག་གི་དགེ་འདུན་པ་མང་པོ་གནས་མཆོག་ལུམྦི་ནིར་ཕེབས་ཡོད་པ་དང་བལ་ཡུལ་གྱི་ནང་བའི་གནས་ཆེན་ཁག་སྟེ། འཕགས་པ་ཤིང་ཀུན་དང་ཡང་ལེ་ཤོད། སྟག་མོ་ལུས་སྦྱིན། མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་བཅས་ལ་བོད་པ་དང་ཧི་མ་ལའི་ལྗོངས་ཀྱི་ནང་པའི་དད་ལྡན་པ་རྣམས་ཚོགས་ཏེ་དུས་ཆེན་སྲུང་བརྩི་ཞུས་འདུག ལྷག་པར་དུ་མི་ཚོགས་འདུ་འཛོམས་ཆེན་པོའི་སྐབས་དང་སྟབས་བསྟུན་ནས་ཁྲག་ཞལ་འདེབས་སློང་མཁན་དང་སྐོམ་ཆུ་གྲང་མོའི་རིགས་སྦྱིན་གཏོང་བྱེད་མཁན། དེ་བཞིན་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མཐའ་རུ་དུས་རྒྱུན་ལས་སློང་མོ་བ་མི་གྲངས་བརྒྱ་ཕྲག་ཡས་མས་ཇེ་མང་དུ་སོང་། སྐབས་དེར་ཕྱག་སྐོར་བྱེད་མཁན་གྱི་ས་གནས་ཡུལ་མི་ཞིག་ལ་བཅར་འདྲི་ཞུས། ཁོང་གིས་གནས་བརྟན་སྡེ་པའི་ལུགས་སུ་སྟོན་པ་སྐུ་འཁྲུངས་ནས་ལོ་༢༥༦༦་འཁོར་བའི་དུས་ཆེན་ཁྱད་པར་ཅན་འདིར་ང་ཚོའི་ཡར་དཀོན་མཆོག་ལ་མཆོད་པ་དང་མར་ངན་སློང་ལ་སྦྱིན་གཏོང་། གནས་ཆེན་ཁག་ཏུ་ཕྱག་དང་སྐོར་བ་བྱས་ནས་དགེ་སྒྲུབ་བྱེད་ཀྱིན་ཡོད།

འདས་བའི་ལོ་ངོ་གཉིས་ལྷག་གི་རིང་ཏོག་དབྱིབས་ནད་དུག་ཁྱབ་སྟེ་དུས་ཆེན་འདི་སྲུང་བརྩི་ཞུ་ཐུབ་མེད་པ་དང་། མི་ཚོགས་འདུ་མ་ཐུབ་པར་འགྲོ་འོང་བཀག་སྡོམ་ཡང་ཡང་ཐེབས་པ་རེད། ད་ལོ་གནས་ཆེན་ཁག་ཏུ་མཆོད་འབུལ་བྱས་ནས་སྟོན་པའི་འཁྲུངས་སྐར་སྲུང་བརྩི་ཞུ་ཐུབ་པ་བྱུང་བར་དགའ་ཚོར་བྱུང་ཞེས་ལན་འདེབས་གནང་འདུག་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོ་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG