ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་དུས་འཁོར་སྒྲུབ་མཆོད་ཚོགས་མགོན་དུ་ཆིབས་སྒྱུར།


༄༅།། དེ་རིང་བོད་ཟླ་༣་ཚེས་༡༥་དང་ཕྱི་ཟླ་༥་ཚེས་༡༦་གི་ཞོགས་པར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་དུས་འཁོར་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ཏེ་ཞོར་དུ་མང་ཚོགས་ལ་མཇལ་ཁ་སྩལ། དུས་འཁོར་སྒྲུབ་མཆོད་ནི་ཐོག་མར་སྟོན་པ་བཅོམ་ལྡན་འདས་དགུང་ལོ་༨༠་ལ་ཕེབས་པའི་སྐབས་སུ་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་བྱང་ཤམ་བྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་ལ་སོགས་པའི་འཁོར་མང་པོར་དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་གསུངས་པའི་དུས་ཚིགས་ཁེལ་ཡོད་པས་བོད་ཟླ་༣་པའི་ཚེས་༡༥་ནི་དུས་འཁོར་གྱི་དུས་ཆེན་ཞེས་རྩིས་སྲོལ་ཞིག་དར།།

དུས་འཁོར་རྩ་རྒྱུ་ནི་༡༠༢༧་ལོར་ཇོ་ལོ་ཙྭ་བ་ཟླ་བའི་འོད་ཟེར་གྱིས་ལེགས་སྦྱར་སྐད་ནས་བོད་སྐད་དུ་ཐོག་མར་བསྒྱུར་ཏེ་ལོ་༩༩༥་ལྷག་འདས། ༡༧༥༢་ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ལ་སྒྲུབ་མཆོད་བཙུགས་ཏེ་རྒྱལ་མཆོག་ཉིད་ཀྱིས་དུས་འཁོར་གྱི་དབང་གནང་། གྲྭ་ཚང་དུ་དུས་འཁོར་གྱི་ཚོགས་གྲྭ་ཟུར་དུ་བཙུགས་ཏེ་སྲོལ་རྒྱུན་དེ་མི་ཉམས་རྒྱུད་འཛིན་བྱུང་ཞིང་། དུས་འཁོར་སྒྲུབ་མཆོད་འདི་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཕྱག་ལེན་ཞིག་ཡིན་པར་མ་ཟད། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་སུམ་ཅུ་སོ་བཞི་སྩལ་བའི་གསུང་ཞབས་ཚང་མ་རྣམ་རྒྱལ་གྲྭ་ཚང་གིས་ཞུས། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་དམིགས་བསལ་གྱི་འབྲེལ་བ་ཡོད་པས་༧གོང་ས་མཆོག་དུས་འཁོར་སྒྲུབ་མཆོད་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་པ་རེད་ཅེས་རྣམ་རྒྱལ་གྲྭ་ཚང་གི་སློབ་སྤྱི་དགེ་སློང་ཐུབ་བསྟན་ཡར་འཕེལ་གྱིས་གསལ་བཀྲོལ་གནང་འདུག་པའི་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG