ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས་པའི་མིང་རྟགས་བསྡུ་རུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཡུ་རོབ་རྒྱལ་ཁབ་འཇར་མན་ཎིའི་སྤྱི་དམངས་མཱེ་ཁེལ་ཁེ་རུ་ཛི་བྷག་ཞེས་པ་ཞིག་གིས་འཇར་མན་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས། འཇར་མན་མི་དམངས་ཀྱིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་རྒྱུ་དེར་རྒྱབ་སྐྱོར་བྱ་དགོས་ཞེས་སྙན་ཞུ་ཞིག་ལ་མིང་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་བརྩམས། ད་ལྟ་སྐུ་ཞབས་ཁེ་རུ་ཛི་བྷག་གི་སྙན་ཞུ་དེར་མི་ཁྲི་ཚོ་༥་དང་སྟོང་ཕྲག་༣་ལྷག་གིས་མིང་རྟགས་བཀོད། དེར་བརྟེན་སྙན་ཞུ་དེ་འཇར་མན་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་འབུལ་དགོས། མི་ཁྲི་ཚོ་༥་ལྷག་གི་མིང་རྟགས་བཀོད་པའི་སྙན་ཞུ་ཁག་ལ་འཇར་མན་གཞུང་གིས་བདག་པོ་བརྒྱབ་ནས་ལག་ལེན་བསྟར་ཐུབ་མིན་གྲོས་བསྡུར་བྱ་དགོས་པས་འཇར་མན་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས་པའི་སྙན་ཞུ་དེ་ལའང་གྲོས་བསྡུར་བྱ་དགོས་ཐུག་གི་ཡོད་པ་རེད།

ཐོག་མར་ལོ་འདིའི་ཕྱི་ཟླ་༥་པའི་ཚེས་༣༡་ཉིན་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས་ཞེས་བཀོད་པའི་སྙན་ཞུ་དེ་དྲྭ་ལམ་དུ་བཞག་ཅིང་། ཕྱི་ཟླ་༩་པའི་ཚེས་༡༡་ཉིན་མི་དམངས་ལ་ཐེ་ཝན་པ་རྣམས་མི་རིགས་ཐ་དད་ཅིག་ཡིན་པར་ངོས་འཛིན་ཡོད་མེད་ཀྱི་གདམ་ཀ་ཞིག་ལའང་རྟགས་འགོད་དུ་བཅུག་འདུག སྙན་ཞུ་དེར་འཇར་མན་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་ཐེ་ཝན་མཚོ་གླིང་དུ་ཚུགས་པའི་ཀྲུང་ཧྭ་མིན་གོ་ལ་ཕྱི་འབྲེལ་ཆ་ཚང་འཛུགས་དགོས་པའི་ནན་སྐུལ་བྱ་དགོས་ཞེས་བཀོད། སྙན་ཞུ་དེ་རྒྱ་ནག་གཞུང་གིས་གནམ་བདེ་སྒོ་མོ་ཆེའི་ཐང་གི་དམངས་གཙོའི་ལས་འགུལ་ལ་དྲག་གནོན་བྱས་ནས་ལོ་༣༠་འཁོར་བའི་དུས་དྲན་གྱི་སྔ་རོལ་དེར་དྲྭ་ལམ་དུ་བཀྲམ་པའི་དམིགས་ཡུལ་ནི་རྒྱ་ནག་ལ་འཛམ་གླིང་རྒྱལ་ཁབ་མང་ཆེ་བས་ཕྱི་འབྲེལ་བཙུགས་ཏེ་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ལ་གྱུར་ནས་ཐོབ་ཐང་ཆ་ཚང་ཡོད། ཡིན་ནའང་རྒྱ་ནག་གཞུང་གིས་༡༩༨༩་ལོར་དམག་བཏང་ནས་རང་གི་སྤྱི་དམངས་རྣམས་དམར་གསོད་བྱས་པ་དྲན་སྐུལ་བྱས་དང་། འཇར་མན་གཞུང་གིས་ངེས་པར་དུ་དམངས་གཙོ་དང་རང་དབང་གི་ལམ་ལུགས་དར་ཡོད་པའི་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས་ཞེས་ནན་བརྗོད་བྱས་འདུག

ཧོང་ཀོང་གི་ཀུ་ཤུ་ཉིན་རེའི་ཚགས་པར་གྱིས་ཞིབ་འཇུག་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན་ཕྱི་ཟླ་༡༠་པའི་ཚེས་༤་སྟེ། གཟའ་པ་སངས་བར་དུ་འཇར་མན་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་དགོས་ཞེས་འཁོད་པའི་སྙན་ཞུ་དེར་མི་༥༣༥༥༤་ཡིས་རྒྱབ་སྐྱོར་གྱི་མིང་རྟགས་བཀོད། འཇར་མན་གྲོས་ཚོགས་ལ་འབུལ་རྒྱུའི་སྙན་ཞུ་ཁག་ལ་མི་ཁྲི་ཚོ་ལྔའི་རྒྱབ་སྐྱོར་གྱི་མིང་རྟགས་འདང་དགོས་པར་མ་ཟད། ད་ཐེངས་ཀྱི་སྙན་ཞུ་དེར་མི་ཁྲི་ཚོ་༥་ལྷག་གིས་མིང་རྟགས་བཀོད་ནས་རྒྱབ་སྐྱོར་བྱས་ཡོད་པས་འཇར་མན་གྲོས་ཚོགས་ཀྱིས་སྲིད་གཞུང་ལ་སྙན་ཞུ་དེ་ལག་ལེན་བསྟར་ཐུབ་རྒྱུ་ཡིན་མིན་གྲོས་བསྡུར་བྱེད་དུ་འཇུག་དགོས་ཐུག་རྒྱུ་ཡིན་ཞིང་། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་དང་འཇར་མན་ཎིས་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ནས་ལོ་མང་ཕྱིན་ཡོད། རྒྱ་ནག་དང་འཇར་མན་ཎི་གཉིས་ལ་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་འཇར་མན་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་འཛུགས་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད། འོན་ཀྱང་དེང་སྐབས་ཨ་རིའི་གྲོས་ཚོགས་དང་རྒྱལ་སྤྱིའི་སྤྱི་དམངས་ཀྱི་གྲས་སུ་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།

འཇར་མན་པ་ཁེ་རུ་ཛི་བྷག་གིས་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་གཏོང་གི་ཡོད་པ་དང་ཞིན་ཅང་གི་ཡུ་གུར་བ་ཚོར་བསམ་བློའི་སློབ་གསོ་གཏོང་གི་ཡོད་ཅེས་བཙོན་ཁང་དུ་སྡེབ་འགོག་བྱེད་ཀྱི་འདུག རྒྱ་ནག་གིས་འཛམ་གླིང་ཁྱོན་ཡོངས་ལ་རྟོག་ཞིབ་བྱེད་ཐུབ་པའི་པར་ཆས་དང་འཕྲུལ་ཆས་བཙུགས་ནས་ལྷོ་ཤར་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་མངོན་འདོད་དང་ཐོབ་ཐང་ལ་བརྩི་མེད། རྒྱལ་སྤྱིའི་ཁྲིམས་ལ་འགལ་འཛོལ་བྱེད་ཀྱི་ཡོད་ཀྱང་འཇར་མན་གཞུང་གིས་རྒྱ་ནག་ལ་ཚོང་འབྲེལ་བཙུགས་ནས་རྒྱ་ནག་གི་སྤྱོད་ངན་དེ་ཚོར་སྣང་མེད་གཏོང་གི་ཡོད་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་རེད། ༡༩༤༩་ལོར་རྒྱ་ནག་གི་ནང་འཁྲུག་མཚམས་ཆད་པའི་རྗེས་སུ་རྒྱ་ནག་གཉིས་ལ་གྱུར་ཡོད། གཅིག་ནི་སྐམ་ས་ཆེན་མོར་དབང་སྒྱུར་བྱེད་མཁན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་དང་ཅིག་ཤོས་ནི་ཐེ་ཝན་མཚོ་གླིང་དུ་གཞིས་ཚུགས་པའི་ཀྲུང་ཧྭ་མིན་གོ་ཡིན། ༡༩༧༢་བར་དུ་ཐེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འཐུས་ཡིན། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་མནའ་འབྲེལ་ཕྱོགས་ཁག་གིས་ཐེ་ཝན་རྒྱ་ནག་ལ་ཕྱིར་སློག་བྱ་རྒྱུའི་ཁས་ལེན་བྱས་པ་ལག་བསྟར་བྱ་དགོས་པའི་རྒྱལ་སྤྱིའི་ཁྲིམས་ལུགས་ཤིག་མ་རེད་ཅེས་རྩོད་པ་བརྒྱབ་འདུག

འདི་ཙམ་ན་ཕྱི་ཟླ་༡༠་ཚེས་༣་ཉིན་ཐེ་ཝན་དུ་བཅའ་སྡོད་འཇར་མན་ཞིབ་འཇུག་ཁང་དུ་འཇར་མན་སྤྱི་མཐུན་རྒྱལ་ཁབ་ཚུགས་ནས་ལོ་༡༠༠་འཁོར་བ་དང་འཇར་མན་ཎིའི་རྩ་ཁྲིམས་གཏན་འབེབས་བྱས་ནས་ལོ་༧༠་འཁོར་བ། བྷར་ལིན་རྩིག་གྱང་གཏོར་ནས་ལོ་༣༠་འཁོར་བའི་དགའ་སྟོན་ཆེན་པོ་གསུམ་མཉམ་དུ་ཚུགས་ཏེ་འཇར་མན་ཎི་དང་ཐེ་ཝན་གཉིས་དཔལ་འབྱོར་དང་ཚོང་ལས། ཚན་རིག་དང་འཕྲུལ་རིག་ལག་རྩལ་ཐོག་ཏུ་མཉམ་འབྲེལ་བྱས་ནས་གྲུབ་འབྲས་གཟེངས་སུ་ཐོན་པ་རྣམས་གསལ་སྟོན། ད་དུང་ཐེ་ཝན་དང་འཇར་མན་ཎི་གཉིས་ཉི་གློག་དང་རླུང་ཤུགས་བཀོལ་སྤྱོད་ཀྱི་ལག་རྩལ་ཐོག་ཏུ་མཉམ་འབྲེལ་བྱ་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་དགོས་པའི་གླེང་སློང་བྱས་འདུག ཐེ་ཝན་དུ་བཅའ་སྡོད་འཇར་མན་ཞིབ་འཇུག་ཁང་གི་འགན་འཛིན་ཐོ་མ་སི་ཕི་རི་ཛིས་དམངས་གཙོ་ནི་བདེ་བླག་ཏུ་དར་སྤེལ་གཏོང་ཐུབ་པ་ཞིག་མིན། འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་པའི་སྲིད་གཞུང་ཞིག་ཚུགས་མ་ཐུབ་བར་དུ་དམངས་གཙོ་ཁྱབ་སྤེལ་གཏོང་མི་ཐུབ་ཅེས་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། འཇར་མན་ཎི་དང་ཐེ་ཝན་གཉིས་དཔལ་འབྱོར་དང་ཤེས་ཡོན་སློབ་གཉེར། རིག་གཞུང་བཅས་ཀྱི་འབྲེལ་བ་དམ་ཟབ་ཡོད་ཅིང་། ཐེ་ཝན་གྱི་སློབ་ཆེན་༦༢་དང་འཇར་མན་ཎིའི་སློབ་ཆེན་༡༤༦་གིས་མཉམ་འབྲེལ་གྲོས་མཐུན་༤༦༩་ལ་མིང་རྟགས་བཀོད། ཐེ་ཝན་གྱི་སློབ་ཕྲུག་༢༠༠༠་ལྷག་གིས་འཇར་མན་ཎིའི་སློབ་ཆེན་ཁག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་ཐེ་ཝན་གྱི་སློབ་ཆེན་ཁག་དང་འཇར་མན་ཎིའི་སློབ་ཆེན་ཁག་ལ་འབྲེལ་བ་བཟང་པོ་ཡོད་ཅེས་བཤད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གྱིས་ཀྱང་འཇར་མན་ཎིའི་དུས་ཆེན་གསུམ་འཛོམས་ལ་བཀྲ་ཤིས་བདེ་ལགས་ཀྱི་འཚམས་འདྲི་ཡོད། འཇར་མན་ཎི་དང་ཐེ་ཝན་གྱི་འབྲེལ་བ་ཕྱོགས་གང་ཐད་དུ་ཡར་རྒྱས་གཏོང་ཐུབ་པའི་རེ་བ་ཡོད་ཅེས་བཤད་འདུག

XS
SM
MD
LG