ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཕྱི་རྒྱལ་བས་རྒྱ་དམར་དཔོན་རིགས་ཀྱི་ངོ་བོ་མི་རྟོགས་དོན་ཅི་ཡིན་ནམ།


༼ རྒྱ་སྐད་རྒྱ་ཡིག་དང་རྒྱ་ནག་གི་རིག་གནས་ལ་རྒྱུས་མངའ་ཧ་ཅང་ཆེན་པོ་ཡོད་པའི་ཨ་མེ་རི་ཀའི་གཙུག་ལག་སློབ་དཔོན་ཆེན་མོ་ཕེ་རེ་ལིན་ཁེ་Perry Link ལགས་ཀྱིས་དངོས་སུ་རྒྱ་ཡིག་ནང་བྲིས་གནང་བའི་ཕྱི་རྒྱལ་བས་རྒྱ་དམར་དཔོན་རིགས་ཀྱི་ངོ་བོ་མི་རྟོགས་དོན་ཅི་ཡིན་ནམ། ཞེས་པའི་རྩོམ་ཡིག་ཅིག་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནས་སྤེལ་བར་བོད་ཡིག་ནང་ཆ་ཚང་ཕབ་སྒྱུར་ཞུས་ཏེ་འདིར་འཁོད་ཡོད་པས་གཟིགས་འཚལ།༽

སྤྱི་ལོ་ ༢༠༠༦ ལོའི་ཟླ་བ་༣ པར། ཕྱི་རྒྱལ་བས་རྒྱ་ནག་གི་དཔོན་རིགས་ལ་ཐུག་དུས་མགོ་རྩ་བ་ནས་འཚོས་ཀྱི་མེད་དོན་ཅི་ཡིན་ནམ། ཞེས་ལིའུ་ཞའོ་པོ་ལགས་དམ་པ་དེས་རྩོམ་ཡིག་ཅིག་བྲིས་ཏེ། དོན་དག་རྙོག་འཛིང་ཆེ་བ་ཞིག་གི་ཟབ་གནད་བཀྲལ། ཁོང་གི་རྩོམ་དེ་ཉིད་ལས། ཕྱི་རྒྱལ་བ་ཚོས་གནའ་བོའི་རྒྱ་ནག་མི་རྟོགས་དོན་ཅི་ལགས་ཞེ་ན། གོང་མའི་ལམ་ལུགས་ཀྱིས་ཟིན་པའི་རྒྱ་ནག་གང་དེ་ལོ་རྒྱུས་རྙིང་པ་དང་ཕྱི་བཀག་ནང་སྡོམ་གྱི་ཁ་ནང་རུབ་ཅིག་ཡིན་པས་ན། ཁྱད་མཚར་དང་ལྐོག་གྱུར་གྱིས་བདག་གིར་བྱས་པ་དེ་རྒྱུ་མཚན་གཅིག་ཏུ་ངེས། མའོ་ཙེ་ཏུང་གི་དུས་སྐབས་ཀྱི་རྒྱ་ནག་གི་ངོ་བོ་ཇི་བཞིན་མགོ་མ་འཚོས་པའི་རྒྱུ་མཚན་ཞིག་ནི། དམར་པོའི་ལས་ལུགས་ཀྱིས་བཅིངས་པའི་རྒྱ་ནག་དེ་འཛམ་གླིང་དང་འབྲེལ་མེད་དུ་ཆགས་ཤིང་། ཕྱི་རྒྱར་སྒོ་བསྡམས་ནས་ནང་ལོགས་སུ་གནམ་ས་མགོ་རྟིང་བསློགས་པས་རེད་ཅེས་གསལ། ཡིན་ནའང་། ད་ལྟའི་རྒྱ་ནག་གི་ངོ་གདོང་མི་མཐོང་དོན་ནི་ཅི་ལགས་སམ། ད་ལྟའི་ཆར་རྒྱ་ནག་ཏུ་ཡོང་ཆོག་པར་མ་ཟད། དཔོན་རིགས་ཚོ་དང་སྐད་ཆའང་བཤད་ཆོག་མོད་ཀྱི། དེ་ལྟར་འབྲེལ་འདྲིས་ཀྱི་གོ་སྐབས་ཤར་ཡང་དུ་དུང་ཕུ་སོབ་སོབ་ཅིག་ལས་དེ་ཚོའི་“ཀུན་དང་བསྟུན་མཁས་པའི་མགོ་བདེ་དྲན་འཕྲུལ་”གྱི་ངོ་བོ་ཇི་བཞིན་དུ་རྟོགས་ཐུབ་མེད་པ་རེད།

རྒྱ་ནག་གི་འགོ་ཁྲིད་ཚོའི་ང་མིན་ཁོ་ཡིན་དང་། ཁ་གཅིག་ལྕེ་གཉིས། དྲན་གསུམ་གསར་སྐྱེས་སོགས་ཀ་ཀོར་རིགས་ལ་གོམས་པའི་མགོ་བདེ་དྲན་འཕྲུལ་གྱི་གཤིས་ཀ་དེ་ནི་གནད་དོན་འདི་ཉིད་ཀྱི་ཆ་ཤས་ཤིག་ཏུ་ཆགས་ཤིང་། ལིའུ་ཞའོ་པོ་ལགས་ཀྱིས་གསུངས་པ་ལྟར་ན། རྒྱ་ནག་གི་སྲིད་བློན་ཟུར་པ་ཝེན་ཅཱ་པའོ་ཡིས་རྒྱ་ནག་ནི་འགན་འཁུར་ཐེག་པའི་རྒྱལ་ཁབ་ཆེན་པོ་ཡིན་ལུགས་ཀྱི་སྒྲུབ་བྱེད་དོན་ཚན་བཅུ་ཐམ་པ་དབུགས་ཐེངས་གཅིག་གིས་སྐྱོར་ཐུབ་ཀྱང་། གལ་ལ་ཐུག་པའི་གནད་དོན་ལ་འཕྲད་དུས་གཡས་གཡོན་ལ་ཕོག་དོགས་ཀྱིས་གཟབ་ནན་ཁོ་ནས་དུས་འདའ་བར་བྱེད། ལིའུ་ཞའོ་པོ་ལགས་ཀྱི་ཐུགས་སྣང་གི་ཡུལ་དུ་གྱུར་པ་ནི། བདེན་རྫུན་གྱི་རྣམ་གཞག་ལས་གཏིང་ཟབ་པའི་རྙོག་འཛིང་གི་གནད་དོན་ཞིག་སྟེ། སྐྱེ་བོའི་སེམས་ཁམས་ཀྱི་སྒྲིག་གཞི་གྲུབ་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་ལགས་ན། ཁྱད་མཚར་གྱི་གནད་དོན་དེ་འདྲ་ཞིག་ལ་ཕྱི་རྒྱལ་བས་མགོ་འཚོས་མི་ཐུབ་པ་དེའང་རང་བཞིན་ཉིད་དུ་གྲུབ།

གཡས་ནས་བརྩིས་ན། རྒྱ་ནག་དམར་ཤོག་དབུས་རྒྱུན་ལས། ཚའེ་ཆི། ཝང་ཧུའུ་ནཱིན། ལི་ཆང་བཅས་མི་དམངས་འཐུས་མི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་སྐབས།
གཡས་ནས་བརྩིས་ན། རྒྱ་ནག་དམར་ཤོག་དབུས་རྒྱུན་ལས། ཚའེ་ཆི། ཝང་ཧུའུ་ནཱིན། ལི་ཆང་བཅས་མི་དམངས་འཐུས་མི་ཚོགས་ཆེན་ལ་མཉམ་ཞུགས་བྱེད་སྐབས།

ཕྱི་རྒྱལ་དུ་སློབ་གྲྭ་འགྲིམས་མྱོང་ཡོད་པའི་རྒྱ་དམར་གྱི་དཔོན་རིགས་ངོ་གཉིས་མའི་ངང་ཚུལ།

ཕྱི་རྒྱལ་བ་དང་འདྲིས་བཞིབ་ཆེན་པོ་ཡོད་པའི་རྒྱ་མི་དག་ལས། མང་ཆེ་ཤོས་ནུབ་ཕྱོགས་སུ་ཤེས་རིག་སློབ་གསོ་མྱངས་ཤིང་། སློང་སྦྱོང་གྲུབ་མཐར་རྒྱ་ནག་ཏུ་ལོག་པ་རྣམས་རེད། ཁོང་ཚོས་དབྱིན་སྐད་ཆུ་རྒྱུག་རྒྱུག་ཏུ་ཤོད་ཐུབ་པར་མ་ཟད། ནུབ་ཕྱོགས་ཀྱི་ཡུལ་གོམས་གཤིས་ལུགས་ལའང་རྒྱུས་མངའ་ཆེ། ཕྱི་རྒྱལ་བས་མི་དེའི་གྲས་ཀྱི་སྐད་ཆར་ཉན་དུས་བདེ་སྣང་ཞིག་ངང་ངམ་ཤུགས་ཀྱིས་སླེབས་པར་མ་ཟད། སོ་སོའི་མི་དང་ལྷན་དུ་སྐད་ཆ་བཤད་ཀྱི་ཡོད་པ་ལྟ་བུའི་ཉམས་སྣང་ཡོང་བར་བྱེད། དེང་གི་དུས་སུ་གནའ་སྔ་མོའི་དུས་ཀྱི་གོ་དཀའ་བའི་གནད་དོན་ལས་ལྡོག་སྟེ། དོན་དག་ཅི་ལའང་ཤིན་ཏུ་ཧ་གོ་དོན་རྟོགས་སླ་བའི་རྐྱེན་གྱིས་གོ་འཛོལ་རིགས་གཞན་ཞིག་ཏུ་འཕོས། འདིར་བརྗོད་བཞིན་པའི་ཧ་གོ་དོན་རྟོགས་ཞེས་པ་ནི་བསྟུན་མཁས་དང་མགོ་བདེ་དྲན་འཕྲུལ་གྱིས་ལྷད་པ་དང་། གཏིང་ཟབ་སར་བསྙབས་ཐུབ་མེད་པར་ངོ་གདོང་ཙམ་གྱི་ལྦུ་བ་སོབ་སོབ་ཅིག་ལ་བྱ།

ཕྱི་རྒྱལ་བས་ཕ་རོལ་པོའི་སེམས་ཀྱི་གཏིང་རིམ་ན་བློ་འདོད་གཞན་ཞིག་ཡོད་མེད་འདྲི་ཙམ་ཡང་མི་བྱེད་ཅིང་། ཐ་ན་སྐད་ཆའི་ཕག་ན་ད་དུང་རིམ་པ་གཏིང་ཟབ་སའི་གནས་ཤིག་ཡོད་པའི་བསམ་བློ་ཞིག་རྩ་བ་ནས་འཁོར་ཐུབ་མེད། ལིའུ་ཞའོ་པོ་ལགས་ཀྱིས་དེའི་ཐད་དཔེ་མཚོན་གཉིས་བགྲངས་ཡོད་དེ། ནུབ་ཀྱི་སྲིད་དོན་རིག་པར་སློབ་གཉེར་གྱིས་གྲུབ་འབྲས་སོན་པའི་ཝང་ཧུའུ་ནཱིན་དང་། ནུབ་ཀྱི་ཁྲིམས་ལུགས་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྐོར་ཆེད་དམིགས་ཀྱིས་སྦྱངས་པ་བྱས་པའི་ཤཱ་ཡུང་གཉིས་ལྟར་སྣང་དུ་ཕྱི་རྒྱལ་བའི་མདུན་སར་ཤིན་ཏུ་གུ་ཡངས་ཀྱི་མི་ཞིག་ཏུ་སྣང་སྲིད་ཀྱང་། རྒྱ་ནག་གི་མིའི་མདུན་ལ་ནི་ངོ་གདོང་གཞན་ཞིག་ཡིན་ཞིང་། དེ་མཐར་དེད་ན་ཌ་རུ་ལྟ་བུའི་མགོ་གཉིས་མའི་རང་བཞིན་གྱི་གནད་དོན་ཞིག་ཏུ་ངེས་བཞག

དེ་ལས་ཀྱང་ཚབས་ཆེ་ཞིང་ཞེད་སྣང་སྐྱེས་དགོས་པ་ཞིག་ནི། མིའི་རང་བཞིན་ཡ་བྲལ་དུ་ཕྱིན་པ་གང་ཞིག་སླར་ཡང་གཅིག་སྡུད་བྱ་ཐུབ་པ་དེ་རེད། དེའི་ཐད་དཔེ་མཚོན་བགྲང་གིས་མི་ལངས་མོད། ལིའུ་ཞའོ་པོ་ལགས་ཀྱི་རྩོམ་ཡིག་ལས་བཀྲལ་དོན་ལྟར་ན། སྔར་རྒྱ་ནག་གི་ཤེས་རིག་སློབ་གསོའི་སྡེ་ཚན་གྱི་འགན་འཛིན་ཀྲོའུ་ཇི་དང་གཅིག། པེ་ཅིང་སློབ་གྲྭ་ཆེན་མོའི་དམར་ཤོག་དྲུང་ཆེ་མིན་ཝེ་ཧྥང་དང་གཉིས། ཆཱིང་ཧྭ་སློབ་གྲྭ་ཆེན་མོའི་གསར་འགོད་སློབ་གླིང་གི་འགན་འཛིན་ལི་ཞི་ཀོང་དང་གསུམ་བཅས་པ་ཨ་མེ་རི་ཀའི་གཙུག་ལག་སློབ་གྲྭ་ཆེན་མོ་གྲགས་ཅན་ནས་བསླབ་པ་མཐར་སོན་ཞིང་། ཨ་རིའི་ཡུལ་དུ་སྐད་ཆ་མ་ལུས་རིག་གཞུང་རང་དབང་དགོས་ལུགས་ཁོ་ན་འཁོན་འཁོན་ཐོགས་ཐོགས་མེད་པར་བཤད་ཅིང་། ཉན་ན་ཨ་རི་བ་ཚོའི་རྣ་བའི་གསོས་སུ་སྨིན་པར་མ་ཟད། ཁོང་རྣམས་ཀྱིས་རྒྱ་ནག་གི་དགེ་རྒན་ནི་དེ་ལྟ་བུའི་གུ་ཡངས་ཅན་དུ་ངེས་སོ་ཞེས་ཧ་ལས་ཧང་སངས་པར་བྱེད། འོན་ཏེ། རྒྱ་ནག་ཏུ་ལོག་རྗེས། མི་དེ་གསུམ་པོས་མཐའ་གཅིག་ཏུ་གཏམ་བརྗོད་རང་དབང་ལ་ཚོད་འཛིན་དང་། དྲ་རྒྱའི་བརྒྱུད་ལམ་ལ་དམ་དྲག། ཅི་གསུངས་བཀའ་སྒྲུབ་མི་བྱེད་མཁན་རྣམས་ལ་ཉེས་ཆད་གཅོད་ཅིང་། ཐ་ན་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ནང་གཏམ་བརྗོད་སྟངས་འཛིན་དམག་མི་ཞེས་པའི་མིང་ངན་སྐད་ཀྱིས་ཆོད་ཡོད་པ་རེད།

ལིའུ་ཞའོ་པོ་ལགས་ཀྱི་རྩོམ་ཡིག་ལས་ཁོ་ཚོའི་མི་ཆོས་ལ་ནན་འཛིན་མི་བྱེད་པའི་རིང་ལུགས་སྐོར་ལ་འདི་བཞིན་བརྗོད་ཡོད་དེ། མི་དེ་ཚོས་ནུབ་ཕྱོགས་སུ་སློབ་གྲྭ་འགྲིམས་ཤིང་སློབ་གཉེར་བྱས་པའི་ཉམས་མྱོང་གང་བསགས་པ་རྣམས། སོ་སོའི་སྒེར་གྱི་མི་ཚེ་ནང་རང་ཁེ་སྒྲུབ་བྱེད་ཙམ་དང་། སྲིད་ཀྱི་སྟེགས་བུར་བཀྲ་ཤིས་ཐེམ་པ་ཡར་འཛེགས་ཀྱི་སྐབས་སུ་ཉི་མ་མེ་གྲོགས་དང་ཆར་པ་ཆུ་གྲོགས་ཡོང་གཞི་ཁོ་ན་ཙམ་ལས་དོན་ཀྱི་སྙིང་པོ་གཞན་གང་ཡང་མ་མཆིས་ཤིང་། ཁོ་ཚོར་མཚོན་ན་ནུབ་ཏུ་བསྡད་པ་དེ་གུ་ཡངས་དང་བཟང་སྤྱོད་ལྡན་པ། རང་ཚུགས་ཐུབ་པའི་ལས་གནས་ཀྱི་འགན་འཁུར་ཐེག་པའི་རྒྱུ་རྐྱེན་ཆགས་རྒྱུའི་ཚབ་ལ་གཡོ་སྒྱུ་ཁྲམ་གསུམ་དང་། མགོ་བདེ་དྲན་འཕྲུལ། ངོ་ཚ་ཁྲེལ་མེད་ཀྱིས་རང་དོན་ཞེ་བཞག་ཉག་ཅིག་གི་རྒྱུ་ཆགས་ཡོད་པ་དང་། ཆོས་དང་གང་ཟག་ཐ་དད་དུ་ཕྱིན་པར་ཅུང་ཟད་ཙམ་ཡང་བག་ཚ་བ་མེད་པར། སྡིགས་པ་མིག་བཙུམ་གྱིས་མཁས་སྙན་བཤད་རྐྱང་དང་ལས་ངན་སྒྲུབ་རྐྱང་བྱས་ཀྱང་། ཕྱི་ཀུན་སྤྱོད་དང་ནང་བསམ་བློའི་ཆ་ནས་དཀའ་ངལ་གང་ཡང་འཕྲད་ཀྱི་མེད་པ་དེ་རེད།

རྒྱ་མི་ནོར་བྷེ་ཞི་བདེ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པོ་ལགས།
རྒྱ་མི་ནོར་བྷེ་ཞི་བདེ་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ལིའུ་ཞའོ་པོ་ལགས།

རང་ཁེ་བསྒྲུབ་འདོད་ཁོ་ན་སྙིང་ལ་བརྣག་པའི་རྒྱ་དམར་དཔོན་རིགས་ཀྱི་ངང་ཚུལ།

གོང་འཁོད་ཕྱི་རྒྱལ་དུ་སློབ་གྲྭ་འགྲིམས་མྱོང་ཡོད་པོ་རྣམས་ནི། “ངེས་པ་དོན་གྱི་འདབ་གཤོག་ཟུང་ལྡན་”ནམ་རིག་གནས་ལུགས་གཉིས་ bi-cultural ལ་མཉམ་སྤྱོད་བྱེད་ཐུབ་པ་ཉིད་དུ་ངེས་ཤིང་། ནུབ་ཕྱོགས་པའི་རིག་གཞུང་ཉམས་ཞིབ་ཀྱི་དར་སྲོལ་ཆེ་བའི་སྐད་ཆའི་མ་ལག་ལ་རྒྱུས་མངའ་ཆེ་བ་དང་། རྒྱ་ནག་དམར་ཤོག་གི་མི་མངོན་པའི་འགྲོ་སྟངས་ཀུན་ལ་བྱང་ཆུབ་པའི་གྲུབ་འབྲས་ལོག་པར་སོན་ཡོད་པ་ནི་སྐྱོ་བའི་གནས་ཤིག་ལས་མ་འདས།

འོན་ཀྱང་། དྲི་བ་འདྲི་དགོས་པ་ཞིག་ལ། ཁོ་ཚོས་དོན་དག་ཅི་ཞིག་ལ་བློ་དཀར་སེམས་དཀར་བྱེད་ཀྱི་ཡོད་དམ། ཁོ་ཚོའི་དམིགས་ཡུལ་ངོ་མ་ཅི་ཞིག་ཡིན་ནམ། རང་དབང་དམངས་གཙོའི་ཕུགས་སེམས་མངོན་འགྱུར་ཆེད་དུ་ཡིན་ནམ། མིན། ཡིན་དོགས་མེད། ཡང་ན་རྒྱ་ནག་དམར་ཤོག་ཚོགས་པའི་ཆེད་དུ་ཡིན་ནམ། དེ་ཡང་མིན། ཁོ་པ་ཚོས་སོ་སོའི་སྒེར་གྱི་ཁེ་ཕན་ལ་བློ་དཀར་བ་ཙམ་རེད། རང་ཁེ་བསྒྲུབ་འདོད་ཁོ་ན་སྙིང་ལ་བརྣག་པ་རེད། ནུབ་ཕྱོགས་ཀྱི་རྩེད་མོར་ཁོ་ཚོ་བྱང་ཆ་ལྡན་ལ། རྒྱ་ནག་གི་རྩེད་མོ་ཡང་ཁོ་ཚོས་རྩེ་ཐུབ་པ་ཡིན། རང་ཉིད་ལ་ཁེ་ཕན་ཇི་ལྟར་བྱུང་ན་དེ་ལྟར་བྱེད་རྐྱང་བྱེད་པ་ཉིད་དོ།།

ཕྱི་རྒྱལ་བ་ཚོས་ཁོ་ཚོའི་ཕྱི་ཚུལ་གྱི་གདོང་རིས་དེ་མཐོང་རྗེས། རང་དབང་མེད་པར་རིམ་པ་གཉིས་པར་བསམ་བློ་བཏང་སྟེ། ཁོ་ཚོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཨབ་ཕྲུག་ཅིག་ཡིན་ངེས་སྙམ་ཡང་། དེ་ལྟར་མ་ལགས་ཤིང་། རིམ་པ་གཉིས་པའི་འོག་ལ་མར་ཆས་ན་ད་དུང་རིམ་པ་གསུམ་པ་ཞིག་འགྲོ་ས་ཡོད་པ་དེ་ནི། ཡོད་ཚད་ཀྱི་ཡོད་ཚད་ནི་རང་ཉིད་ཁོ་ནའི་ཆེད་དུའོ།། དེ་ནི་ད་གཟོད་ཁོ་ཚོའི་རང་བཞིན་དང་ངོ་བོ་ཉིད་དུ་ངེས་སོ།།

དེ་ནི་ལུགས་ཀྱི་རྣམ་གཞག་རྩ་སློག་བཏང་བ་རེད་དམ་ཞེ་ན། རང་ཁེ་ཞེ་བརྣག་གིས་རྒྱ་ནག་དམར་ཤོག་གི་ལམ་ལུགས་བེད་སྤྱོད་གཏོང་བར་ཆས་པ་དེ། འཇིག་རྟེན་གྱི་རྣམ་གཞག་རྩ་སློག་བཏང་བ་ནི་ལོས་ཀྱང་ཡིན། ཡིན་ནའང་། དེ་ལྟར་བརྗོད་མི་རུང་སྟེ། འཇིག་རྟེན་ལུགས་ཀྱི་རྣམ་གཞག་རྩ་སློག་བཏང་སོང་ཞེས་པ་ལས། དམིགས་བསལ་གྱི་སྤྱོད་ལམ་ཞིག་ལ་དམིགས་བསལ་གྱིས་བསྟུན་མཁས་བྱས་པ་རེད་ཅེས་བརྗོད་ན་འོས་ཤིང་འཚམས། སུས་དེ་ལྟར་བྱས་པ་མ་རེད་དམ། ཞིས་ཅིང་ཕིན་གྱིས་ཀྱང་དེ་ལྟར་རང་ཁེ་སྒྲུབ་བཞིན་པ་མ་ཡིན་ནམ།

ལིའུ་ཞའོ་པོ་ལགས་ཀྱི་རྩོམ་ཡིག་ལས་ད་དུང་ཕྱི་རྒྱལ་དུ་སློབ་གྲྭ་འགྲིམས་མྱོང་མཁན་དང་རྒྱ་ནག་ནང་ལོགས་ཀྱི་ཅི་ལའང་བློ་ཁ་མི་ཁེངས་པའི་གཞོན་སྐྱེས་འཁང་ར་ཅན་རྣམས་ཀྱི་མི་ཆོས་ལ་ནན་འཛིན་མི་བྱེད་པའི་རིང་ལུགས་སྐོར་ལ་ཡང་གོ་བསྡུར་གནང་ཡོད་ཅིང་། དེ་གཉི་ག་མིའི་རང་བཞིན་ཡ་བྲལ་དུ་ཕྱིན་པ་གང་ཞིག་སླར་ཡང་གཅིག་སྡུད་བྱས་པའམ། ཆོས་དང་གང་ཟག་ཐ་དད་དུ་ཕྱིན་པའི་ངང་ཚུལ་ཞིག་ཡིན་པར་བརྗོད། ཅི་ལའང་བློ་ཁ་མི་ཁེངས་པའི་གཞོན་སྐྱེས་འཁང་ར་ཅན་ཞེས་པ་རྒྱ་སྐད་དུ་ཧྥན་ཆིང་“愤青”ཞེས་ཟེར། ཧྥན་“愤”ཞེས་པ་ཁོང་ཁྲོའི་དོན་དང་། ཆིང་“愤”ནི་གཞོན་ནུའི་དོན་ལ་བྱ། ཧྥན་ཆིང་རྣམས་ཀྱིས་ཁ་སང་རྒྱ་ནག་ཏུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གི་སྒོ་འགྲམ་ཏུ་ངོ་རྒོལ་སྐད་འབོད་བྱས་ཡོད་པའི་དབང་དུ་བཏང་ན། གནངས་ཉིན་པར་སླར་ཡང་གཞུང་ཚབ་ཀྱི་སྒོ་ཁར་བང་རིང་བསྒྲིགས་ཏེ་ཨ་རིའི་སློབ་གྲྭར་བསྐྱོད་ཆེད་ཐོངས་མཆན་ཞུ་བར་སླེབས་ཡོང་རྒྱུ་ཡིན་པར་ཐེ་ཚོམ་མེད། ཡ་མཚན་ཆེ་ཤོས་ཤིག་ལ། ཁོ་ཚོས་ཨ་རིར་ཁ་རྡུང་དྲག་པོ་གཏོང་བ་དང་འཚང་ཁ་ཤིག་ཤིག་གིས་ཨ་རིར་སློབ་གྲྭ་འགྲོ་བ་གཉིས་ནི་འགལ་ཟླ་ཡོད་པའི་དོན་དག་ཅིག་ཏུ་རྩ་བ་ནས་མི་སེམས། ཐ་ན་དེ་དོན་སེམས་ནང་ལ་མི་བདེ་བའི་ཚོར་བ་དང་འགྲིག་མིན་གྱི་དོགས་འདྲི་ཙམ་ཡང་མེད་པར་མ་ཟད། ཡིན་ཤག་ཤག་གིས་ཁ་རྡུང་བཏང་བའི་རྗེས་སུ། སླར་ཡང་ཡིན་ཤག་ཤག་གིས་ཨ་རིའི་ཡུལ་དུ་སློབ་གྲྭར་སྐྱོད་པར་བྱེད། ཨ་རིར་ངོ་རྒོལ་སྐད་འབོད་ཀྱིས་ཁ་རྡུང་དྲག་པོ་གཏོང་བའི་སྐབས་ཀྱང་ལྷག་བསམ་རྣམ་དག་གིས་ཁོང་ཁྲོ་མེ་ལྟར་འབར་བར་བྱས་ལ། བྷག་སི་ཊོན་གྱི་ཕྱོགས་སུ་འཕུར་བའི་གནམ་གྲུར་སྡོད་སྐབས་ཀྱང་། སྔར་བཞིན་སེམས་བསམ་པའི་གཏིང་ནས་ཡིད་སེམས་དགའ་སྤྲོས་ཁེངས་པར་བྱེད་ཅིང་། སོ་སོའི་སྤྱོད་ལམ་གྱི་ཐོག་ནས་སྔར་བྱས་འགྲིག་མིན་གྱི་འགྱོད་བཤགས་ཀྱི་བློ་སྤུ་རྩེ་ཙམ་མེད་པར་མ་ཟད། ལྡོག་སྟེ་རང་སེམས་དགའ་བདེས་མྱོས་ཏེ་སྣང་བ་ཨ་སྔོན་དགུང་ལས་མཐོ། ཞེས་ལིའུ་ཞའོ་པོ་ལགས་ཀྱི་རྩོམ་ཡིག་ལས་གསལ།

རང་བྱུང་ཁམས་ཀྱི་དུད་འགྲོའི་ཚོགས་ལ་ནི་དད་པ་ཞེས་པ་མི་དགོས་མོད། འགྲོ་བ་མིའི་རིགས་ལ་ནི་དད་པ་མཁོ་བ་ཡིན་ཞིང་། ལོ་རབས་༥༠ ནང་རྒྱ་ནག་གི་མི་མང་པོ་ཞིག་གིས་ཕུགས་འདུན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྒང་ལ་བསྐྱལ་བ་རེད། མའོ་ཙེ་ཏུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཕུགས་བསམ་སྦོ་ལུག་བཅུག་པ་དང་། ཏན་ཞའོ་ཕིང་གིས་དྲུག་བཞི་དམར་གསོད་ཀྱིས་གྲོང་ཁྱེར་ཁྲག་གིས་སྦགས་རྗེས། རྒྱ་ནག་གི་མི་རྣམས་ལ་དད་མོས་བྱ་ཡུལ་གཞན་ཞིག་ཤིན་ཏུ་མཁོ་བས། ནང་ཆོས་དང་། ཏའོ་ཅའོ་ཆོས་ལུགས་བསྐྱར་གསོ་བྱུང་ཞིང་། ཡེ་ཤུའི་ཆོས་ལུགས་དར་རྒྱས་ཆེ་བ་ཆགས། ཆོས་འཁོར་སྒོམ་སྒྲུབ་པ་སོགས་ཀྱང་གསར་དུ་བྱུང་། རྒྱ་ནག་དམར་ཤོག་ཚོགས་པའི་ལག་ཏུ་དགོས་འདོད་ཀུན་འབྱུང་གི་ནོར་བུ་རིན་པོ་ཆེ་ལྟ་བུ་ལ། མི་རིགས་རིང་ལུགས་དང་རྒྱུ་དངོས་སྐྱབས་བཀུར་རིང་ལུགས་གཉིས་ལས་ལྷག་མེད་ཀྱང་། དེ་ལས་གཞི་ཁྱོན་ཆེ་བའི་ཁྱབ་ཁོངས་ཏེ། ལྷག་པར་དུ་དབང་ཆ་འཐབ་རྩོད་བྱེད་སའི་དཔོན་གནས་ཀྱི་ཁོར་ཡུག་དང་སྲིད་ཀྱི་སྡིངས་ཆ་ནས་མི་ཆོས་ལ་ནན་འཛིན་མི་བྱེད་པའི་རིང་ལུགས་གང་དེ་ཤིན་ཏུ་བྲིན་ཆེ་བར་སྣང་།

ཕྱི་རྒྱལ་བ་མགོ་སེར་ཚོར་ཡང་འགན་ཕྱེད་ཀ་ཡོད།

ལིའུ་ཞའོ་པོ་ལགས་ཀྱི་རྩོམ་ཡིག་གི་མཇུག་ཏུ་ཕྱི་རྒྱལ་བ་ཚོར་ཐུགས་ཁག་ཁྱོན་ནས་མེད་ཅེས་འཁོད་ཡོད་པ་འདི་ལྟ་སྟེ། རྒྱ་ནག་དམར་ཤོག་དང་གང་གི་དཔོན་རིགས་ཚོའི་རང་བཞིན་དེ་བཞིན། ནུབ་ཕྱོགས་པ་ཚོས་ཇི་བཞིན་དུ་མཐོང་དགོས་སོ་ཞེས་པ་ནི། འགྲུབ་མི་ཐུབ་པའི་དོན་བྱ་གང་ཞིག་བཙན་འགེལ་བྱེད་པ་ཉིད་ལས་མ་འདས་ཤིང་། དེ་ནི་ཁོང་ཚོའི་ཤེས་རབ་ཀྱིས་མ་འདང་བ་མ་ཡིན་པར། ཁོང་ཚོའི་རང་བཞིན་ཧ་ཅང་དྲང་པོ་ཡིན་པའི་རྐྱེན་གྱིས་རྒྱ་ནག་གི་མི་ཚོའི་རྒྱུ་མ་དཀར་ནག་ཁུག་པ་བཅོ་བརྒྱད་ཀྱི་དྲན་འཕྲུལ་ཚ་དྲགས་པས་རྗེས་སུ་མ་ཆོད་པས་ལན་པ་ཡིན། ཞེས་གསུངས།

ལིའུ་ཞའོ་པོ་ལགས་ཀྱིས་དེ་ལྟར་ཕྱི་རྒྱལ་མགོ་སེར་ཚོར་ཐུགས་ཁག་མེད་ལུགས་གསུངས་ཡོད་པ་དེར། ཁོ་བོས་སྐྱོན་བརྗོད་ཚིག་འགའ་ཤས་ཞུ་འདོད་བྱུང་།

ཕྱི་རྒྱལ་མགོ་སེར་རྣམས་གཞི་དྲང་པོ་ཡིན་པ་བདེན་མོད་ཀྱི། འདིར་གླེང་བའི་དྲང་པོ་ཞེས་པ་ནི་ལྷད་མེད་རྣམ་དག་གི་དྲང་པོ་ཁོ་ན་ཙམ་མ་ཡིན་པར། དེ་ལས་ད་དུང་ཕྱི་རྒྱལ་མགོ་སེར་ཚོའི་རྒྱུད་ལ་རང་མཐོང་ཆེ་བའི་ཆ་ཞིག་ཀྱང་གཏན་གཏན་ཡོད་པ་རེད། ནུབ་ཕྱོགས་པ་ཚོས་སྐབས་སྐབས་སུ་སོ་སོའི་འཚོ་བ་སྐྱེལ་སྟངས་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་དེ་དག་འཇིག་རྟེན་སྤྱི་ཡོངས་ལ་ཁྱབ་པའི་ལུགས་ཤིག་ཡིན་པ་ཁོ་ན་སྙམ་པར་བརྟེན། གཞན་གྱི་རྒྱུ་མ་དཀར་ནག་ཁུག་པ་བཅོ་བརྒྱད་ཡོད་པའི་དོན་དངོས་ལ་སྣང་ཆུང་གིས་དགོས་ངེས་ཅན་གྱི་གོ་བ་ཇི་བཞིན་དུ་ལོན་མ་ཐུབ་པ་དེ་རེད། ཁྱད་པར་དུ་ཨ་རིའི་གཞུང་དང་གཞུང་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱ་ནག་སྐོར་གྱི་ཆེད་མཁས་པ་རྣམས་ཀྱིས་མེ་ལོང་ལ་ལྟ་བའི་རྩ་དོན་གྱི་སྒང་ནས་རྒྱ་ནག་དམར་ཤོག་ལ་གོ་བ་ལེན་གྱི་ཡོད་པ་རེད།

དཔེར་ན། དཔོན་རིགས་ཚོའི་དབར་ཕྱོགས་ཁག་ཕྱོགས་རིས་ཀྱི་འགྲན་རྩོད་ཀྱི་གནད་དོན་ཐད། ཨ་མེ་རི་ཀར་ཆ་མཚོན་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་དང་། རྒྱལ་སྲུང་ལས་ཁུངས། ཁྲིམས་འཛིན་ལས་ཁུངས། ཤེས་རིག་སློབ་གསོ་ལས་ཁུངས་སོགས་ཀྱི་བར་རྟག་པར་དཔལ་འབྱོར་འགྲོ་སོང་གི་ཐོག་ནས་འགྲན་རྩོད་ཡོད་ཅིང་། ཁྱོད་ཚོར་མང་པོ་ཐོབ་སོང་། ང་ཚོར་ཉུང་ཉུང་མ་གཏོགས་རག་མ་སོང་ཟེར་བ་སོགས་འགྲོ་སོང་གཏོང་ཕྱོགས་ཀྱི་རྐྱེན་པས་ཕན་ཚུན་བར་འགྲན་སེམས་སློང་གི་ཡོད། གསང་བའི་ལས་ཁུངས་དང་། ཞིབ་དཔྱོད་ལས་ཁུངས། བདེ་འཇགས་ལས་ཁུངས་བཅས་ཀྱི་བར་ལ་ཡང་མཚམས་མཚམས་ལ་གསང་བའི་ཆ་འཕྲིན་ཕན་ཚུན་མཉམ་སྤྱོད་མི་བྱེད་པའི་དཀའ་ངལ་ཡོང་གི་ཡོད་པར། ཨ་རིའི་རྒྱ་ནག་སྐོར་གྱི་ཆེད་མཁས་པ་ཚོས་དུས་རྟག་པར་མེ་ལོང་ནང་ལ་ལྟ་བ་ཇི་བཞིན། ཨ་རིའི་ནང་གི་འགྲན་རྩོད་དེ་དག་ཇི་བཞིན་རྒྱ་ནག་ནང་ནས་ཀྱང་དེ་བཞིན་མིན་འགྲོ་བསམ་གྱི་ཡོད་པ་འདྲ་ལ། རྒྱ་ནག་དམར་ཤོག་རང་ལ་ཡོད་པའི་ཁྱད་ཆོས་ཁག་ལ་ནི་སྣང་མེད་བསྐྱུར་འཇོག་བྱེད་སླ་བ་སྟེ། རྒྱ་ནག་ཏུ་སུ་སུའི་དྲིན་ཆེན་ཡིན་པ་དང་། ཡང་ན་དགྲ་བོ་ཡིན་པ། སུ་སུའི་གཉེན་ཚན་ཡིན་པ། སློབ་གྲོགས་དང་ཕ་ཡུལ་གཅིག་པ། དམག་མིའི་ནང་གི་འཐབ་གྲོགས། དགའ་ཉེ་གྲོགས་པོ་ཡིན་ཞེས་པ་སོགས་རྒྱ་ནག་ནང་གི་འབྲེལ་བ་གྲུབ་ལུགས་དེ་ལས་ཁུངས་དང་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ལས་བརྒལ་ཡོད་པ་དང་། ཨ་རིའི་ནང་གི་ལས་ཁུངས་གཞི་རྩར་བྱས་པའི་འགྲན་རྩོད་དང་རྩ་བ་ནས་ཐ་དད་ཡིན་པ་རེད།

ཕྱི་རྒྱལ་མགོ་སེར་ཚོ་ཧ་ཅང་དྲང་པོ་ཡིན་པའི་“ན་ཚ་”དེ་སྨན་བཅོས་བྱེད་ཐབས་ཡོད་པ་ཞིག་རེད་དམ་ཞེ་ན། དྲི་བ་དེ་ནི་ཤིན་ཏུ་རྙོག་དྲ་ཚ་བ་ཞིག་རེད། ཁོ་བོས་ལྟར་ན་དོན་དེ་སྐད་ཡིག་གི་རྨང་གཞིའི་སྟེང་ནས་འགོ་རྩོམ་གྱི་དགོས་འདུག། ཨ་རིའི་རྒྱ་ནག་སྐོར་གྱི་ཆེད་མཁས་པ་ཚོས་དེབ་བཏོན་དུས་དེབ་ཀྱི་རྒྱབ་ཤའི་ངོས་སུ་རྩོམ་པ་པོའི་རྒྱ་སྐད་ཧ་ཅང་བྱང་ཆུབ་པ་ཡིན་ཞེས་འཁོད་ཡོད་ཀྱང་། དེབ་འཚོང་ཐུབ་པའི་ཆེད་ཡིན་པ་ལས་དེ་ནི་བདེན་པ་མ་རེད། ཨ་རིའི་རྒྱ་ནག་སྐོར་གྱི་ཆེད་མཁས་པ་མང་པོ་ཞིག་རྒྱ་ནག་ཏུ་ཆས་ནས་རྒྱ་ནག་དམར་ཤོག་གི་དཔོན་རིགས་ཚོར་བཅར་འདྲི་བྱེད་སྐབས་དབྱིན་སྐད་བེད་སྤྱོད་གཏོང་གི་ཡོད་པ་དང་། དགོས་གལ་བྱུང་ཚེ་སྐད་སྒྱུར་གྱི་རོགས་རམ་ལའང་བརྟེན་གྱི་ཡོད་པ་རེད། ཁ་སྐད་ཀྱི་བྱང་ཆ་ཏོག་ཙམ་ཡོད་པའི་ཆེད་མཁས་པ་འགའ་ཡོད་པ་དེ་ཚོས་ཀྱང་། ཕྱི་རྒྱལ་དུ་སློབ་གྲྭ་འགྲིམས་མྱོང་ཡོད་པའི་རྒྱ་ནག་གི་དཔོན་རིགས་ཚོའི་རིམ་པ་གཉིས་པ་དང་གསུམ་པའི་འདུ་ཤེས་ཀྱི་གཏིང་ཟབ་སར་བསྙབ་ཐུབ་པའི་གནས་ཚད་གང་ཡང་མི་འདུག།

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་མཱ་ཐེ་ཨོ་ཕོ་ཐིན་ཇེར་Matthew Pottinger ལགས།
ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་མཱ་ཐེ་ཨོ་ཕོ་ཐིན་ཇེར་Matthew Pottinger ལགས།

༡༩༧༢ ལོར་སྲིད་འཛིན་ནེ་ཁེ་སོན་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་ནས་༢༠༡༧ ལོར་མཱ་ཐེ་ཨོ་ཕོ་ཐིན་ཇེར་Matthew Pottinger ལགས་ཨ་རིའི་རྒྱལ་སྲུང་ལྷན་ཁང་དུ་མཉམ་བཞུགས་མ་གནང་བར་དུ། ཨ་རིའི་མཐོ་རིམ་བློ་འདྲི་ཡུལ་དང་སློབ་སྟོན་པའི་ཁྲོད་དུ་རྒྱ་སྐད་ཀྱི་གནས་ཚད་ལོངས་པ་ཞིག་གཅིག་ཀྱང་མི་འདུག། ཨ་རིའི་མི་སེར་ཡིན་པའི་རྒྱ་མི་གདན་འདྲེན་ཞུས་པའི་ཐད་ནས་ཀྱང་། ཉེ་བའི་ལོ་འགའི་སྔོན་ཙམ་ལ་གཞི་ནས་ཡུས་མའོ་ཁྲུན་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཆེས་མཐོའི་བློ་འདྲི་ཡུལ་ཆགས་པ་རེད། ཕྱི་སྲིད་ལས་ཁུངས་ཀྱི་དཀྱིལ་འཁོར་གྱི་ནང་ནུས་པ་འདོན་ཐུབ་པའི་སྣེ་ཡོད་གྲས་ལས། ཡུས་མའོ་ཁྲུན་ལགས་ནི་རྒྱ་ནག་དམར་ཤོག་གི་རྩེད་མོའི་སྒྲིག་ལམ་ལ་རྒྱུས་མངའ་ཡོད་པའི་མི་དང་པོ་དེ་རེད།

ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་རྟེན་གཞི་བྱས་ཡོད་པའི་ཧ་དྷི་སོན་ཉམས་ཞིབ་ཁང་གི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་ཆེས་མཐོའི་ཉམས་ཞིབ་པ་སྐུ་ཞབས་ཡུས་མའོ་ཁྲུན་ལགས།
ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ལ་རྟེན་གཞི་བྱས་ཡོད་པའི་ཧ་དྷི་སོན་ཉམས་ཞིབ་ཁང་གི་རྒྱ་ནག་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་ཆེས་མཐོའི་ཉམས་ཞིབ་པ་སྐུ་ཞབས་ཡུས་མའོ་ཁྲུན་ལགས།

ཨུ་རུ་སུ་དམར་ཤོག་ཚོགས་པས་ཡུ་རོབ་ཤར་མར་དབང་བསྒྱུར་བྱེད་སྐབས་ཨ་མེ་རི་ཀ་ནི་དེ་ལྟ་བུའི་མིག་རྒྱང་ཐུང་བ་ཞིག་རྩ་བ་ནས་མིན། སྐབས་དེར་སྲིད་འཛིན་ཁཱར་ཐེ་མཆོག་གིས་ཕོ་ལན་ཌའི་མི་བྷུ་རེ་ཟི་ཀེ་Zbigniew Brzezinski ལགས་གདན་ཞུས་ཀྱིས་རྒྱལ་སྲུང་སྐོར་གྱི་བློ་འདྲི་ཡུལ་གནང་མྱོང་ཞིང་། སྲིད་འཛིན་ཁི་ལིན་ཏུན་མཆོག་གི་སྐབས་ལའང་དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཨོལ་བྷི་རེའེ་ཊི་Madeleine Albright ལགས་ཕྱི་སྲིད་དྲུང་ཆེར་བསྐོས་པ་རེད། ལིའུ་ཞའོ་པོ་ལགས་ཀྱིས་དེ་སྔར་ཕྱི་རྒྱལ་བས་རྒྱ་ནག་དམར་ཤོག་རྩ་བ་ནས་མགོ་འཚོས་ཐུབ་ཀྱི་མེད་པའི་རྒྱུ་མཚན་ཅི་ཡིན་ནམ་ཞེས་བཀའ་འདྲི་གནང་ཡོད་པ་དེའི་ཐད། ང་ཚོ་ཕྱི་རྒྱལ་བ་ཚོར་ཡང་འགན་འཁྲི་ཕྱེད་ཀ་འཁྲི་ཡི་ཡོད་པ་རེད།

ཨ་མེ་རི་ཀའི་ཕུ་ལིན་སི་ཏོན་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཟུར་པ་ཕེ་རེ་ལིན་ལགས།
ཨ་མེ་རི་ཀའི་ཕུ་ལིན་སི་ཏོན་གཙུག་ལག་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཟུར་པ་ཕེ་རེ་ལིན་ལགས།

གཙུག་ལག་སློབ་དཔོན་ཆེན་མོ་ཕེ་རེ་ལིན་ཁེ་Perry Link ལགས་ནི། ཨ་མེ་རི་ཀའི་ཕུ་ལིན་སི་ཏོན་གཙུག་ལག་སློབ་གྲྭ་ཆེན་མོའི་རྒན་ཡོལ་གནང་ཟིན་པའི་གཙུག་ལག་སློབ་དཔོན་ཆེན་མོ་ཟུར་པ་ཞིག་ཡིན་ཞིང་། ད་ལྟ་ཁཱ་ལི་ཧྥོ་ནཱི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ཡན་ལག་སློབ་ཁང་ཞིག་ཏུ་དཔེ་ཁྲིད་གནང་མུས་ཡིན་པ་དང་། ཁོང་ནི་རྒྱ་ནག་གི་དེང་རབས་རྒྱ་སྐད་དང་། སྒྱུ་རྩོམ། རིག་གནས། སྲིད་དོན་རིག་གནས་བཅས་ཀྱི་ཐད་ཆེད་གཉེར་ཉམས་ཞིབ་གནང་མཁན་གྱི་མཁས་པ་ཕུལ་དུ་བྱུང་བ་ཞིག་རེད།

XS
SM
MD
LG