ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་དམག་དོན་སྟོབས་ཤུགས་ལ་ཨ་རིས་དོགས་ཟོན།


༄༅།། འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ནས་ཨེ་ཤི་ཡ་དང་ཞི་བདེའི་རྒྱ་མཚོའི་མངའ་ཁུལ་དུ་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་ལ་དོ་ཟླ་འཕེར་བ་སུ་གཅིག་མ་བྱུང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་གསོག་འཇོག་དང་མཁའ་དབྱིངས་ལས་དོན་རྒྱ་སྐྱེད། དྲྭ་ལམ་གྱི་གཏོར་རྒོལ་ནུས་པ་དང་འཕུར་མདེལ་གྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས། ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱ་རྒྱུའི་སྡིགས་ར་བསྐུལ་རྒྱུ་ཇེ་མང་། རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཕྱོགས་འགའ་ཞིག་ནས་ཡར་རྒྱས་གཏོང་གི་ཡོད་པ་དེར་ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་དོགས་ཟོན་བྱེད་དགོས་པའི་གནས་སུ་གྱུར། ཁ་སང་ཕྱི་ཟླ་༡༡་པའི་ཚེས་༡་ཉིན་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་དམག་སྤྱི་ཇཱོན་ཧེ་ཏན་གྱིས་མཉམ་འབྲེལ་གསར་ཁང་གི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པའི་མྱུར་ཚད་ནི་ཧ་ཅང་གི་མགྱོགས་པོ་རེད། འདས་པའི་ལོ་བཅུ་ཕྲག་མང་པོར་ང་ཚོས་ཨ་མི་རི་ཀའི་དམག་གི་སྟོབས་ཤུགས་ལ་ཁ་གཏད་གཅོག་ཐུབ་མཁན་སུ་གཅིག་མེད་ཅེས་བློ་སེམས་བདེ་ལ་འཁོད་པའི་གནས་སྟངས་དེར་འགྱུར་བ་ཐེབས་སྲིད། རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཡར་རྒྱས་ཕྱིན་ཀྱང་ཨ་མི་རི་ཀའི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཁག་པོ་རེད། ཡིན་ནའང་ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་ཉེན་ཁ་ཆེ་རུ་འགྲོ་རྒྱུ་གདོན་མི་ཟ། རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཉེན་ཁ་གསར་པ་ཞིག་ལ་འགྱུར་གྱི་ཡོད་པ་དེར་གདོང་ལེན་བྱེད་པར་བྷ་ཌན་གྱི་སྲིད་གཞུང་གིས་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་དང་འཛམ་གླིང་ཡོངས་ལ་དམག་དཔུང་འགྲེམ་འཇོག ཨ་རིའི་རྒྱལ་སྲུང་སྲིད་ཇུས་སོགས་ལ་ཕྱོགས་ཡོངས་ནས་བསྐྱར་ཞིབ་ཅིག་བྱ་དགོས་ཀྱི་འདུག་ཅེས་ནན་བརྗོད་བྱས་འདུག

ཨ་རིའི་རྒྱལ་སྲུང་ལས་ཁང་།
ཨ་རིའི་རྒྱལ་སྲུང་ལས་ཁང་།

ཁ་སང་གཟའ་ཟླ་བའི་ཉིན་ཨེ་ཊི་ལན་ཊིཀ་དུས་དེབ་ལ་རྒྱ་ནག་གཞུང་གིས་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པ་དང་དམག་དོན་ལ་མཁོ་བའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པ། རྒྱ་ནག་གིས་དངོས་སུ་ལག་ལེན་བསྟར་ཐུབ་ཀྱང་མ་ཐུབ་ཀྱང་ཟླ་ཤས་གོང་དུ་ཞིས་ཅིན་ཕིང་གིས་རྒྱ་ནག་སྟོབས་འབྱོར་རྒྱས་བཞིན་པར་སུ་ཞིག་གིས་འགོག་ཐབས་བྱེད་ན་ཁ་ཆག་སྣ་རལ་འབྱུང་གི་རེད་ཅེས་བསྒྲགས་པ་ལོང་གཏམ་དུ་བརྩི་མི་ཉན་ཞེས་གནས་ཚུལ་སྤེལ། དེང་སྐབས་རྒྱ་ནག་གིས་མཚོ་དམག་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པའི་མྱུར་ཚད་ནི་འཛམ་གླིང་དམག་ཆེན་གཉིས་པའི་གཞུག་ཏུ་རྒྱལ་ཁབ་གཞན་པ་གཅིག་གིས་ཀྱང་བཏང་མྱོང་མེད་པ་ཞིག་གཏོང་གི་ཡོད་ཅིང་། ད་སྔ་ཨ་མི་རི་ཀས་ཚོད་ལྟ་མ་བྱས་པའི་འཕུར་མདེལ་སྒྲ་སྐད་ལས་ལྡབ་དགུའི་མགྱོགས་པ་ཞིག་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱིས་ཚོད་ལྟ་བྱས་ཤིང་། རྒྱ་ནག་གི་ཧིན་བོད་ས་མཚམས་སུ་རྒྱ་གར་ལ་འཁྲུག་རྩོད་སློང་བ་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཐུབ་ཚོད། ཤར་རྒྱ་ནག་རྒྱ་མཚོའི་ནང་དུ་ཉི་ཧོང་ལ་འཁྲུག་རྩོད་སློང་བ་དང་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་མངའ་ཁོངས་སུ་ཧ་ལམ་ཉིན་ལྟར་རྒྱ་ནག་གི་དམག་འཐབ་དམག་གྲུ་བཏང་ནས་དཔུང་འཛུལ་བྱེད་ཀྱི་ཡོད་པ་སོགས་ཀྱི་དངོས་ཡོད་གནས་སྟངས་ལ་གཞིགས་ནས་ཨ་མི་རི་ཀའི་ཕྱི་སྲིད་དང་དམག་དོན་སྲིད་ཇུས་ལ་བསྐྱར་ཞིབ་བྱེད་དགོས་ཀྱི་འདུག་ཅེས་ཉམས་ཞིབ་པ་ཚོས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨ་རིའི་སྐམ་མཚོ་གནམ་གསུམ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་མར་ཁེ་མཱེ་ལིས་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་ཕུར་མདེལ་གསར་པ་ཞིག་ཚོད་ལྟ་བྱས་པ་ནི་༡༩༥༧་ལོར་ཨུ་རུ་སུ་དམར་ཤོག་རྒྱལ་ཁབ་ཀྱིས་ཐེངས་དང་པོར་བར་སྣང་ཁམས་སུ་སི་པུ་ཊི་ཎི་མཁའ་དབྱིངས་འཕུར་གྲུ་བཏང་བ་དང་འདྲ་མཚུངས་ཤིག་གྱུར་སོང་། སྐབས་དེར་འཛམ་གླིང་ཧྲིལ་པོ་ཧང་སང་དགོས་པ་ཞིག་ཏུ་གྱུར་པ་དང་མི་ཚང་མས་ཨུ་རུ་སུ་ལ་དེ་འདྲའི་ཚན་རིག་ལག་རྩལ་ཡོད་རྒྱུ་མ་རེད་བསམས་ཡོད་པ་རེད། འོན་ཀྱང་ཨུ་རུ་སུས་དམག་དོན་ལ་འགྲོ་གྲོན་བཏང་དྲགས་ནས་མཐའ་མཇུག་བོང་གུ་ཐོན་པ་རེད། ད་ལྟ་རྒྱ་ནག་གིས་ཀྱང་འཕུར་མདེལ་ཆེས་གསར་ཤོས་ཤིག་ཚོད་ལྟ་བྱས་པར་ཨ་མི་རི་ཀས་སྣང་ཆུང་བྱེད་མི་ཉན། རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་གི་ཡོད་པར་ང་ཚོས་དོགས་ཟོན་བྱ་དགོས་ཞེས་བསྟན།།

སྲིད་འཛིན་བྷ་ཌན་གྱིས་ཨ་མི་རི་ཀས་རྒྱ་ནག་ལ་གྲང་དམག་ཅིག་སློང་འདོད་མེད། འོན་ཀྱང་ང་ཚོས་ཨ་མི་རི་ཀའི་བདེ་འཇགས་དང་ཨ་རིའི་ཁེ་ཕན་ལ་སྲུང་སྐྱོབ། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དེར་འགྱུར་བ་མེད་ཅེས་ཞིས་ཅིན་ཕིང་ལ་ཁ་པར་ནང་དུ་བཀའ་མོལ་མཁྲེགས་པོ་གནང་ཞིང་། ཝ་ཤིང་ཊོན་གྱི་ཉམས་ཞིབ་པ་མང་ཆེ་བས་ཨ་རི་དང་རྒྱ་ནག་གི་གྲང་དམག་ཅིག་ལངས་ཟིན་འདུག ད་ལྟ་ཨ་རི་དང་རྒྱ་ནག་གི་གྲང་དམག་འདི་ཚ་དམག་ཅིག་ལ་འགྱུར་དུ་འཇུག་རྒྱུ་ཡིན་མིན་གྱི་འགག་རྩ་དེར་ཐུག་ཡོད་པ་རེད། ལོ་ཤས་སྔོན་ནས་ཨ་རི་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱས་ནས་འཛམ་གླིང་གི་ལས་དོན་བསྒྲུབ་རྒྱུའི་ཚབ་ཏུ་ཨ་རྒྱ་གཉིས་ཀས་ཕན་ཚུན་དགྲ་ཁ་གཏད་ཀྱི་ལངས་ཕྱོགས་ཤིག་བཟུང་འདུག རྒྱ་ནག་གིས་ཐེ་ཝན་དང་སྐམ་ས་ཆེན་མོ་གཉིས་གཅིག་གྱུར་བྱ་རྒྱུ། ཤར་རྒྱ་ནག་རྒྱ་མཚོ་དང་ལྷོ་རྒྱ་ནག་རྒྱ་མཚོ་རྣམས་རྒྱ་ནག་གི་མཚོ་ཁོངས་སུ་བསྡུ་རྒྱུ། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གལ་གནད་ཆེ་བའི་ས་གནས་ཁག་འཕྲོག་ནས་འཛམ་གླིང་ཡོངས་ལ་རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་གཏོང་རྒྱུའི་ཧམ་སེམས་འཆང་གི་འདུག དེ་བཞིན་རྒྱ་ནག་གི་བཙན་དྲག་ལ་འགོག་རྒོལ་དང་འཐབ་རྒོལ་བྱེད་མཁན་རྒྱལ་ཁབ་ཁག་གི་སྟོབས་ཤུགས་ཀྱང་གཅིག་སྒྲིལ་བྱས་ནས་དམག་འཁྲུག་གི་ཉེན་ཁ་ནི་ཇེ་ཆེར་འགྲོ་བཞིན་འདུག་ཅེས་སྔོན་བརྡ་བཏང་འདུག ཨ་མི་རི་ཀའི་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་གིས་མཁའ་དབྱིངས་ནས་འདྲ་པར་བླངས་པ་དེ་དག་གི་ནང་དུ་གསལ་བ་ལྟར་ན། རྒྱ་ནག་གིས་རྡུལ་ཕྲན་རྩེ་མདེལ་འཁྱེར་ཐུབ་པའི་གླིང་བརྒལ་འབེན་ཕོག་འཕུར་མདེལ་འཛུགས་ས་ཇེ་མང་དུ་བཏང་ཡོད་པར་མ་ཟད། འཕུར་མདེལ་དེ་དག་གི་དམག་འབེན་རྣམས་ཐེ་ཝན་དང་ཉི་ཧོང་། ལྷོ་རྒྱ་ནག་རྒྱ་མཚོ་དང་ཨེ་ཤི་ཡའི་ས་གནས་ཁག་གི་ཨ་རིའི་དམག་སྒར་ཁག་ཡིན་པའི་ཚོད་དཔག་བྱེད་ཐུབ། རྒྱ་ནག་གི་ཧྥུ་ཅན་ཞིང་ཆེན་དུ་ཐེ་ཝན་ལ་ཁ་གཏད་ནས་རྒྱ་ནག་གི་དམག་འཐབ་གནམ་གྲུ་འཇོག་ས་ཇེ་མང་དུ་བཏང་ཡོད་པ་རྣམས་འདྲ་པར་ནང་དུ་གསལ།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་དང་རྒྱལ་སྲུང་ལྷན་ཁང་གི་མཁྲེགས་འཛིན་པ་ཚོས་རྒྱ་ནག་གི་དམག་དཔུང་དེང་རབས་ཅན་ལ་སྒྱུར་གྱི་ཡོད་པས་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ཡར་རྒྱས་གཏོང་ཆོག་པའི་རྒྱུ་མཚན་ཡོངས་སུ་ཚང་འདུག་ཅེས་ཤུགས་སྣོན་བརྒྱབ། པེན་སིལ་ཝྭེ་ཎི་ཡ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་དང་རྒྱ་ནག་གི་དམག་དོན་ཉམས་ཞིབ་པ་ཁ་ནིང་ཧམ་གྱིས་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་ཡར་རྒྱས་གཏོང་གི་ཡོད་པ་ནི་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆ་དང་འཕུར་མདེལ་ལ་འཇིགས་སྣང་བྱེད་ཀྱི་ཡོད་པ་ཞིག་རེད། ངས་བལྟས་ན་རྒྱ་ནག་ལ་ཨ་མི་རི་ཀར་ཚུར་རྒོལ་བྱེད་ཐུབ་པའི་དམག་གི་སྟོབས་ཤུགས་མི་འདུག རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་གཏོང་གི་ཡོད་པ་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་འགོག་ཐབས་ཤིག་རེད། རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་དེང་རབས་ཅན་ལ་བསྒྱུར་ན་ཨ་མི་རི་ཀས་ཀྱང་བསམ་བློ་མ་བཏང་བར་རྒྱ་ནག་ལ་གཏོར་རྒོལ་བྱེད་ཆོག་ཆོག་ཅིག་ཡོད་རྒྱུ་མ་རེད་ཅེས་བཤད། ལོ་ཉི་ཤུ་ཐམ་པའི་རིང་དེར་ཨ་མི་རི་ཀ་ཨལ་ཁེ་དྷ་སོགས་འཇིགས་སྐུལ་རིང་ལུགས་དང་ཨི་རཀ ཨབ་གྷ་ཎི་སི་ཐན་སོགས་ལ་མགོ་འཁོར་ནས་རྒྱ་ནག་ལ་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་ཐོབ། ༢༠༡༨་ལོར་སྲིད་འཛིན་ཌོ་ནལ་ཊམ་གྱི་དུས་སུ་ད་གཟོད་རྒྱ་ནག་དང་ཨུ་རུ་སུ་གཉིས་ཨ་མི་རི་ཀའི་ཁ་གཏད་པ་གཙོ་བོ་ཡིན་ཞེས་སྲིད་ཇུས་ཀྱི་ཁ་ཕྱོགས་བསྒྱུར། ༢༠༠༡་ནས་༢༠༢༡་བར་དུ་ཨ་མི་རི་ཀས་ཉིན་ལྟར་ཨ་སྒོར་དུང་ཕྱུར་༣་རེ་འགྲོ་གྲོན་བཏང་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ། ཨ་རིའི་དམག་དོན་ཉམས་ཞིབ་པ་ཚོས་གནས་སྐབས་རིང་ཨུ་རུ་སུ་ལ་རྡུལ་ཕྲན་མཚོན་ཆ་མང་བ་ཡོད་པས་ཨ་མི་རི་ཀར་ཉེན་ཁ་འབྱུང་གཙོ་བོ་དེ་ཨུ་རུ་སུ་རེད། ཕུགས་སུ་ཨ་མི་རི་ཀར་ཉེན་ཁ་འབྱུང་ས་རྒྱ་ནག་རེད་ཅེས་ལྟ་ཚུལ་གཅིག་མཚུངས་ཤིག་བཟུང་།།

ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་གཞོན་པ་དམག་སྤྱི་ཇཱོན་ཧེ་ཏན་གྱིས་རྒྱ་ནག་གཞུང་གིས་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་པ་དང་ང་ཚོས་སྔར་བཞིན་རྒྱ་ནག་ལ་སྣང་ཆུང་བྱས་ནས་བསྡད་པ་ཡིན་ཚེ། ལོ་ཤས་རྗེས་སུ་རྒྱ་ནག་གི་དམག་དོན་སྟོབས་ཤུགས་ཨུ་རུ་སུ་དང་ཨ་མི་རི་ཀའི་ཡན་ཆད་ལ་འཆོར་རྒྱུ་ཡིན་པ་ཉག་ཅིག་རེད། འདི་ནི་ཚོད་དཔག་ཅིག་མིན་པར་དངོས་སུ་འབྱུང་རྒྱུའི་དོན་དངོས་ཤིག་རེད་ཅེས་དམག་སྤྱི་ཧེ་ཏན་བགྲེས་ཡོལ་མ་ཕེབས་གོང་འདིར་རྒྱ་ནག་གི་ཉེན་ཁར་དོགས་ཟོན་དང་གདོང་ལེན་བྱེད་ཕྱོགས་ཀྱི་གྲ་སྒྲིག་བྱེད་དགོས་ཞེས་ནན་བརྗོད་བྱས་པའི་སྙིང་གཏམ་ཞིག་ཡིན་འདུག སྲིད་འཛིན་བྷ་ཌན་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུ་འདིར་སེམས་ཐག་གཙང་བཅད་ཡིན། ཨ་མི་རི་ཀས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དམག་དོན་གྱི་འབྲེལ་བ་རྒྱ་བསྐྱེད་ནས་རྒྱ་ནག་ལ་ཁ་གཏད་གཅོག་པའི་དཔུང་ཁག་ཆེན་པོ་ཞིག་གི་སྣེ་ཁྲིད་བྱ་རྒྱུ་ཡིན། དཔེར་ན་ཨ་རི་དང་དབྱིན་ཇི། ཨོ་གླིང་གསུམ་གྱི་ཨ་དབྱིན་ཨོ་གསུམ་གྱི་རྒྱལ་སྲུང་མཉམ་འབྲེལ་མཐུན་ཚོགས་བཙུགས། ༡༩༥༨་ལོར་ཨ་མི་རི་ཀས་དབྱིན་ཇིར་མཚོ་འོག་དམག་གྲུའི་ཚན་རིག་ལག་རྩལ་སྤྲད་པ་དེ་ནས་བཟུང་སྟེ་རྒྱལ་ཁབ་གཅིག་ལའང་སྤྲད་མྱོང་མེད་པའི་མཚོ་འོག་དམག་གྲུའི་ཚན་རིག་ལག་རྩལ་ཨོ་གླིང་ལ་སྤྲོད་ཀྱི་ཡོད་པ་རྒྱ་ནག་གི་ཉེན་ཁ་འགོག་ཐབས་ཡིན། ཨ་རི་དང་ཉི་ཧོང་། ཨོ་གླིང་དང་རྒྱ་གར་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་འབྲེལ་བ་སྲ་བརྟན་གཏོང་གི་ཡོད་པའི་དམིགས་ཡུལ་ཡང་གཅིག་མཚུངས་ཡིན་ཞེས་བཤད། འཛམ་གླིང་གི་དམག་དོན་ཉམས་ཞིབ་ཕལ་མོ་ཆེས་རྒྱ་ནག་གིས་རང་ལ་རྒྱལ་ཁ་འཐོབ་རྒྱུའི་གདེང་ཚོད་མ་ལོན་པའི་བར་དུ་དམག་འཁྲུག་རྒྱག་མི་སྲིད། ཡིན་ནའང་དགྲ་བོས་ཚུར་རྒོལ་འབྱུང་བའམ། ཡང་ན་རྒྱ་ནག་གི་ས་ཆ་འཆོར་རྒྱུའི་ཉེན་ཁ་བྱུང་ན་རྒྱ་ནག་ལ་སྟོབས་ཤུགས་ཡོད་ཀྱང་མེད་ཀྱང་དམག་འཁྲུག་རྒྱག་ངེས་རེད་ཅེས་མཐའ་སྡོམ་བརྒྱབ་འདུག

XS
SM
MD
LG