ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མེཀ་ཕེན་སིས་རྒྱ་ནག་ལ་དོགས་ཟོན་བྱ་དགོས་པའི་ནན་སྐུལ། 


༄༅།། གཟའ་འཁོར་འདིའི་རེས་གཟའ་ལྷག་པའི་ཉིན་གུང་ནས་ལས་དུས་ཚང་གི་ཡོད་པའི་ཨ་རིའི་སྲིད་འཛིན་གཞོན་པ་མེཀ་ཕཱན་སེ་ཡིས་གཟའ་སྤེན་པའི་ཉིན་མོར་ཨ་རིའི་མངའ་སྡེ་ཁེ་ལི་ཧྥོ་ཎི་ཡའི་མཚོ་ཐོག་གི་མཁའ་དམག་བསྟི་གནས་ཤིག་ཏུ་གསུང་བཤད་གནང་སྟེ་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་སྲིད་དབང་རྩིས་ལེན་བྱས་པའི་རྗེས་སུ་ཨ་རིའི་རང་དབང་སྲུང་སྐྱོབ་ལ་ཐོག་མཐའ་བར་གསུམ་དུ་གཟབ་ནན་ལྷོད་མེད་བྱ་དགོས་པ་དང་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་མངའ་ཁུལ་ཁག་ལ་སྒོ་དབྱེ། མངའ་ཁུལ་དེ་རང་དབང་ལྡན་པ་ཞིག་ལ་བསྒྱུར་རྒྱུ་ནི་ཨ་རིའི་དར་རྒྱས་དང་བདེ་འཇགས་ཁོ་ནའི་ཆེད་དུ་མིན་པར་འཛམ་གླིང་སྤྱིའི་རང་དབང་ལ་གནད་འགག་ཆེན་པོ་ཡིན། རྒྱ་ནག་གིས་དམག་དོན་དང་བུ་ལོན་གྱི་ཕྱི་འབྲེལ་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མངའ་ཁུལ་དེར་དབང་ཤུགས་ཁྱབ་གདལ་གཏོང་བཞིན་ཡོད་པས་མ་འོངས་པའི་སྲིད་འཛིན་ཇཱོ་བྷ་ཌན་གྱི་སྲིད་གཞུང་གསར་པས་རྒྱ་ནག་གི་ཉེན་ཁར་ཐོག་མཐའ་བར་གསུམ་དུ་དོགས་ཟོན་ལྷོད་མེད་བྱ་དགོས་ཀྱི་རེད་ཅེས་ནན་བརྗོད་བྱས་འདུག

སྲིད་འཛིན་ཌོ་ནལ་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་བར་གྱི་རྒྱལ་ཁབ་ཁག་གི་བདེ་འཇགས་ལ་རྒྱ་ནག་གི་གནོད་འཚེ་ཆེ་རུ་འགྲོ་བཞིན་པར་གདོང་ལེན་བྱེད་པར་རྒྱ་གར་དང་ཉི་ཧོང་། ལྷོ་ཀོ་རི་ཡ། ཨོ་གླིང་རྒྱལ་ཁབ་བཅས་ལ་མཉམ་འབྲེལ་གྱི་སྲིད་ཇུས་ཁག་ཅིག་ལག་ལེན་བསྟར་པ་རྣམས་གཟའ་འཁོར་སྔོན་མར་མཁའ་དམག་གི་དུས་དེབ་ཞིག་ཏུ་ཁ་གསལ་སྤེལ། དབྱེ་ཞིབ་པ་ཚོས་སྲིད་འཛིན་ཊམ་གྱི་གཞུང་འཛིན་ལྷན་ཁང་གིས་སྔར་དང་མ་འདྲ་བར་དམག་དོན་སྲིད་ཇུས་གསལ་སྟོན་བྱས་པ་ནི་མ་འོངས་པའི་སྲིད་གཞུང་གསར་པར་ཨ་རིའི་ཁེ་ཕན་ལ་ཧ་ཅང་གནད་འགག་ཆེ་བའི་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་སྲུང་སྐྱོབ་ཀྱི་སྲིད་ཇུས་དེ་དག་རྒྱུན་འཁྱོངས་བྱེད་དུ་འཇུག་པར་གནོན་ཤུགས་སྤྲོད་རྒྱུའི་ཆེད་དུ་རེད་ཅེས་བཀོད། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་ཨོ་བྷ་རན་གྱིས་རྒྱ་ནག་གིས་རྒྱ་གར་རྒྱ་མཚོ་ནས་ཞི་བདེ་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ཁག་གི་རང་དབང་དང་བདག་དབང་ཁག་དམར་པོའི་དབང་ཤུགས་འོག་ཏུ་བསྡུ་ཐབས་བྱེད་བཞིན་འདུག ཨ་མི་རི་ཀས་མངའ་ཁུལ་དེའི་རྒྱལ་ཁབ་ཁག་ལ་རོགས་རམ་དང་སྒོ་དབྱེ། རང་དབང་ལྡན་པའི་སྤྱི་ཚོགས་ཤིག་ཡོང་ཐབས་བྱ་རྒྱུ་ནི་ང་ཚོ་ཐུན་མོང་གི་དམིགས་ཡུལ་ཡིན་ཞེས་བསྟན།།

འདས་པའི་ལོ་བཞིའི་རིང་ལ་སྲིད་འཛིན་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་བའི་རིང་དེར་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཧ་ཅང་སྡུག་ཏུ་སོང་སྟེ་རྒྱ་ནག་གིས་རང་གི་དཔལ་འབྱོར་སྟོབས་ཤུགས་བཀོལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྱུར་ལྡོག་བཏང་སྟེ་སྒེར་སྤྱོད་རིང་ལུགས་ཀྱིས་འཛམ་གླིང་ལ་དབང་སྒྱུར་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་པར་སྲིད་འཛིན་ཊམ་གྱི་སྲིད་གཞུང་གིས་ཁ་གཏད་ཤུགས་ཆེན་བཅག་ཅིང་། ལོ་བཞིའི་རིང་དུ་རྒྱ་ནག་ལ་ཁ་གཏད་བཅག་པའི་སྲིད་ཇུས་དེར་དམག་དོན་དང་ཕྱི་འབྲེལ་སྲིད་ཇུས་སོགས་ཕྱོགས་གང་ཐད་དུ་གྲུབ་འབྲས་གང་ལེགས་བྱུང་ཡོད་ཅེས་སྲིད་འཛིན་གཞོན་པ་མེཀ་ཕཱན་སེ་ཡིས་འགྲེལ་བརྗོད་གནང་བར་མ་ཟད། འདས་པའི་ལོ་རྒྱུས་ཀྱིས་ཨ་མི་རི་ཀར་རང་གི་སྟོབས་ཤུགས་བཀོལ་ནས་རང་དབང་སྲུང་སྐྱོབ་བྱ་དགོས་པའི་ཉམས་མྱོང་གལ་ཆེན་ཐོབ་ཡོད། ཨ་རིའི་ཁེ་ཕན་ལ་གནོད་འཚེ་བཟོ་གཞི་ཁག་ལ་མཐའ་གཅིག་ཏུ་ཁ་གཏད་གཅག་ཐུབ་པ་ཞིག་བྱ་དགོས་པ་ར་འཕྲོད་ཡོད། ཉིན་ཤས་གཞུག་ཏུ་ལས་དུས་ཚང་གི་ཡོད་པའི་ང་ཚོའི་སྲིད་གཞུང་གིས་ལོ་བཞིའི་རིང་དུ་དམག་འཁྲུག་གསར་པ་ཞིག་ལ་ཐེ་ཇུས་བྱ་མ་དགོས་པར་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཐུབ་ཡོད་ཅེས་གསུངས་ཡོད་པ་རེད།།
སྲིད་འཛིན་གཞོན་པ་ཕཱེ་སི་ཉིན་ཤས་རིང་ཨ་རིའི་དམག་དོན་བསྟི་གནས་ཁག་ཏུ་ཕེབས་ནས་དམག་མི་ཚོའི་རྒྱལ་སྲུང་གི་ལས་འགན་སྒྲུབ་ཀྱི་ཡོད་པར་བཀའ་དྲིན་ཆེ་ཞུ་བ་དང་བསྔགས་བརྗོད་ཀྱི་གསུང་བཤད་རིམ་པ་ཞིག་གནང་རྒྱུ། དེའི་རྗེས་སུ་ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་མོར་རྒྱལ་ས་ཝ་ཤིང་ཊོན་དུ་ཕྱིར་ལོག་གིས་ཇཱོ་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་མཉམ་ཞུགས་གནང་རྒྱུ། གང་མགྱོགས་སྲིད་དབང་རྩིས་ལེན་གནང་མཁན་སྐུ་ཞབས་བྷ་ཌན་གྱིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀ་ཨང་དང་པོ་ཟེར་བའི་སྲིད་ཇུས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཛིན་པའི་སྲིད་ཇུས་ཁག་ཅིག་ལ་འགྱུར་བ་གཏོང་འཆར་ཡོད་པ་སྟེ། དཔེར་ན་ཨ་རི་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་བཀག་འགོག་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་པ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན། ཨ་རིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ལ་འབྲེལ་བ་སྡུག་ཏུ་བཏང་ཡོད་པ་བཅས་ལ་འགྱུར་བ་གཏོང་འཆར་ཡོད་ཀྱང་ཨ་མི་རི་ཀས་རྒྱ་ནག་ལ་འཛིན་པའི་སྲིད་ཇུས་འདིར་འགྱུར་ལྡོག་གཏོང་རྒྱུའི་རྣམ་པ་མི་འདུག་ཅེས་དབྱེ་ཞིབ་པ་ཚོས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG