ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོ།

ཨ་རིའི་འོས་འདེམས་སྔོན་ལ་འགོག་ཁབ་འཐོན་ཐུབ་རྒྱུ་ཁག་པོ་ཡིན་པ།


ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱི་བགྲོ་གླེང་། ༢༠༢༠།༡༠།༧

༄༅།། མདང་དགོང་གི་ཨ་རིའི་སྲིད་འཛིན་གཞོན་པའི་འོས་མི་གཉིས་ཀྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ཞིག་ནི་ཨ་མི་རི་ཀར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་ཇི་ལྟར་འགོག་དགོས་མིན། ཨ་རིའི་གཞུང་གིས་མི་དམངས་ལ་འགོག་ཁབ་ཅིག་འཕྲལ་དུ་འགྲེམ་སྤེལ་བྱེད་ཐུབ་རྒྱུ་ཡིན་མིན་ལ་རྩོད་སྡུར་རྣོ་ངར་ཅན་ཞིག་བྱུང་སོང་། སྲིད་འཛིན་གཞོན་པ་མེཀ་ཕེན་སི་ཡིས་ལོ་འདིའི་སྲིད་འཛིན་འོས་འདེམས་ཀྱི་སྔོན་ལ་འགོག་ཁབ་ཅིག་འཐོན་གྲབས་ཡོད། ཨ་མི་རི་ཀར་ཏོག་དབྱིབས་ནད་དུག་གི་འགོག་ཁབ་དེ་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་དུས་སུ་བཟོ་སྐྲུན་ཐུབ་རྒྱུ་རེད་ཅེས་བཤད། དམངས་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་ཀ་མ་ལ་ཧེ་རི་སི་ཡིས་ཨ་རིའི་ཚན་རིག་པ་དང་སྨན་སྦྱོར་མཁས་པ་ཚོས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་དེ་ཚད་ལྡན་ཞིག་ཡིན་ཞེས་ཐག་གཅོད་བྱེད་ཚེ། ངས་སྔོན་ལ་འགོག་ཁབ་གསར་པ་དེ་རྒྱག་རྒྱུའི་གྲ་སྒྲིག་ཡོད། སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོག་ཁབ་དེ་གྲ་སྒྲིག་ཡིན་ཟེར་ན་ངས་འགོག་ཁབ་དེ་རྒྱག་རྒྱུ་མིན་ཞེས་མདོ་འཛིན་པའི་དྲི་བར་ལན་བཏབ། ཨ་རིའི་སྨན་དང་ཟས་རིགས་བརྟག་དཔྱད་ལས་ཁུངས་ཀྱིས་ཕྱི་ཟླ་༡༡་པའི་ཚེས་༣་གྱི་སྔོན་ལ་འགོག་ཁབ་ཚོང་འགྲེམ་བྱེད་ཆོག་པའི་ཆོག་མཆན་འགོད་ཐུབ་རྒྱུ་ཁག་པོ་རེད། ང་ཚོས་ཚོད་ལྟ་རིམ་པ་གསུམ་པའི་རྒྱུད་རིམ་ཁྲོད་དུ་ཡོད་པའི་འགོག་ཁབ་དེ་མི་ལ་སྨན་ཐུན་ཐེངས་གཉིས་པ་བརྒྱབ་ཡོད་པ་དེ་དག་ལ་ཉུང་མཐར་ཡང་དུས་ཡུན་ཟླ་བ་གཉིས་ཀྱི་རིང་དུ་བརྟག་དཔྱད་བྱ་དགོས་ཀྱི་འདུག་ཅེས་བསྒྲགས། སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་སྔོན་ལ་འགོག་ཁབ་འགྲེམ་སྤེལ་བྱ་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད་ཀྱང་ཨ་མི་རི་ཀའི་ནད་རིགས་སྔོན་འགོག་ལས་ཁུངས། ཨ་རིའི་སྨན་དང་ཟས་རིགས་བརྟག་དཔྱད་ཁང་། ཨ་མི་རི་ཀའི་ཚན་རིག་པ་དང་སྨན་སྦྱོར་མཁས་པ་ཚོས་ནད་དུག་སྔོན་འགོག་ཐུབ་པ་དང་ཞོར་གནོད་མེད་པའི་སྨན་ཁབ་སྤུས་དག་ཅིག་གསར་བཟོ་བྱ་རྒྱུ་གནད་འགག་ཆེན་པོ་རེད། ང་ཚོས་སྲིད་འཛིན་འོས་འདེམས་ལ་དམིགས་ནས་བྲེལ་འཚབ་ཀྱི་སྒོ་ནས་འགོག་ཁབ་ཅིག་འགྲེམ་སྤེལ་བྱེད་ན་ཕན་ཐོགས་མི་འདུག་ཅེས་ལངས་ཕྱོགས་གསལ་པོར་བསྟན།།

ཨ་མི་རི་ཀའི་འགོག་ཁབ་ཚོད་ལྟ་རིམ་པ་གསུམ་པའི་ཞིབ་འཇུག་གཞི་གྲངས་ཁག་ཏུ་འགོག་ཁབ་དེའི་སྨན་ཐུན་ཐེངས་གཉིས་པ་བརྒྱབ་པའི་མི་ཚོར་ཉུང་མཐར་ཡང་དུས་ཡུན་ཟླ་བ་གཉིས་ལ་བརྟག་དཔྱད་བྱ་དགོས། དེ་ལྟར་མ་བྱུང་ན་འགོག་ཁབ་དེའི་ཕན་གནོད་ཅི་ཡིན་གཏིང་ཐག་ཆོད་པ་ཞིག་ཤེས་རྟོགས་མི་ཐུབ་ཅེས་བཀོད། ད་ལོའི་ཕྱི་ཟླ་༧་པའི་ཟླ་མཇུག་ཏུ་ཨ་མི་རི་ཀའི་མཱོར་ཌེར་ན་དང་ཧྥ་ཡེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀས་འགོག་ཁབ་ཚོད་ལྟ་རིམ་པ་གསུམ་པ་དེ་འགོ་ཚུགས། མཱོར་ཌེར་ན་དང་ཧྥ་ཡེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀས་སྨན་ཐུན་སྔ་རྗེས་གཉིས་ཀའི་བར་དུ་ཉི་མ་༢༨་རེ་བཞག་ནས་བརྟག་དཔྱད་བྱ་དགོས་། དེས་ན་ཕྱི་ཟླ་༡༠་པའི་ཟླ་མཇུག་ཏུ་མ་གཏོགས་འགོག་ཁབ་ཀྱི་ཚོད་ལྟའི་རྒྱུད་རིམ་མཐའ་དག་འགྲུབ་ཐུབ་ཀྱི་མི་འདུག དུས་ཚོད་མ་འགོར་པར་འགོག་ཁབ་དེར་ཕན་གནོད་ཅི་ཡོད་གཞི་གྲངས་བལྟ་ས་མི་འདུག ཨ་རིའི་སྨན་དང་ཟས་རིགས་བརྟག་དཔྱད་ཁང་གིས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་བརྒྱབ་ནས་ཚོད་ལྟ་བྱ་ཡུལ་དེ་དག་གི་ཕྱེད་ཀ་ཙམ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཡིན་དགོས། མ་མཐར་ཡང་མི་༥་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚབས་ཆེན་རྣམས་ཡིན་དགོས། ང་ཚོས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་འདིར་ཆོག་མཆན་འགོད་ཕྱོགས་མངོན་ལྐོག་མེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་བརྟག་དཔྱད་བྱས་ཏེ་ཆོག་མཆན་འགོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། དེར་བརྟེན་སྲིད་འཛིན་ཌོ་ནལ་ཊམ་གྱིས་འོས་འདེམས་སྔོན་ལ་འགོག་ཁབ་འགྲེམ་སྤེལ་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་ཨ་རིའི་སྨན་དང་ཟས་རིགས་བརྟག་དཔྱད་ཁང་གིས་བྲེལ་འཚབ་བྱས་ནས་འགོག་ཁབ་གསར་པ་དེར་ཆོག་མཆན་འགོད་རྒྱུ་མིན་ཞེས་དགག་པ་བརྒྱབ་ནས་འཐབ་རྩོད་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།།

སྲིད་འཛིན་ཌོ་ནལ་ཊམ་གྱིས་ཕྱོགས་གཅིག་ནས་འོས་འདེམས་སྔོན་ལ་འགོག་ཁབ་འགྲེམ་སྤེལ་བྱ་དགོས། ང་ལ་ཏོག་དབྱིབས་ནད་དུག་གི་འགོག་སྨན་ཅི་ཞིག་བཏང་བ་རྣམས་ཨ་རིའི་ནད་པ་བྱིངས་ལ་འཕྲལ་དུ་འཐོབ་ཐབས་བྱེད་དུ་འཇུག་རྒྱུ་ཡིན། ཏོག་དབྱིབས་ནད་དུག་གི་འགོག་སྨན་དང་འགོག་ཁབ་དེ་ཚོར་རིན་པ་སྤྲོད་མི་དགོས་པར་འཐོབ་ཏུ་འཇུག་རྒྱུ་ཡིན། འདི་ནི་ཁྱེད་ཚོའི་ནོར་འཁྲུལ་མིན་པ་དང་རྒྱ་ནག་གི་ནོར་འཁྲུལ་རེད། རྒྱ་ནག་གིས་ཨ་མི་རི་ཀར་ཅི་ཞིག་བྱས་པ་དེར་མཇུག་འབྲས་ངན་པ་ཞིག་མྱོང་དུ་འཇུག་རྒྱུ་ཡིན་ཞེས་བཤད། བདུན་ཕྲག་སྔོན་མར་སྲིད་འཛིན་ཌོ་ནལ་ཊམ་ལ་ཏོག་དབྱིབས་ནད་དུག་འགོས་ནས་རྒྱལ་ས་ཝ་ཤིང་ཊོན་གྱི་ཉེ་འཁོར་དུ་ཡོད་པའི་ཝོལ་ཊར་རི་ཌི་དམག་གི་སྨན་ཁང་དུ་ཉི་མ་གསུམ་ལ་སྨན་བཅོས་བྱས་པར་མ་ཟད། སྲིད་འཛིན་ཊམ་ལ་ཟུངས་ཤུགས་འཕེལ་སྐྱེད་དང་ཚོད་ལྟའི་གནས་སྐབས་སུ་ཡོད་པའི་སྨན་རིགས་མ་འདྲ་བ་གསུམ་བཏང་འདུག དེ་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཚ་བ་འཇོམས་པ་དང་དབུགས་གཏོང་ལེན་ལ་དཀའ་ངལ་མེད་པར་གྱུར། ཡིན་ནའང་སྲིད་འཛིན་ལ་སྨན་བཅོས་ཀྱི་མཐུན་རྐྱེན་ཐོབ་ཡོད་པ་དེ་རྣམས་ཨ་མི་རི་ཀའི་མི་དམངས་དཀྱུས་མ་ཚོར་འཐོབ་རྒྱུ་ཡིན་མིན་བཤད་དཀའ། ལྷག་པར་དུ་ཚོད་ལྟའི་གནས་སྐབས་སུ་ཡོད་པའི་འགོག་སྨན་ནུས་ཤུགས་ཅན་དེ་ཚོར་ཕན་གནོད་ཅི་ཡོད། གལ་སྲིད་འགོག་སྨན་དེ་ཚོར་ཞོར་གནོད་མེད་ཀྱང་རིན་པ་སྤྲོད་མི་དགོས་པར་ཨ་མི་རི་ཀ་བ་སྤྱི་ཡོངས་ལ་འཐོབ་ཏུ་འཇུག་རྒྱུ་ཡིན་ཞེས་བཤད་པ་ནི་ལག་ལེན་བསྟར་ཐུབ་རྒྱུ་ཐེ་ཚོམ་གྱི་གནས་སུ་ཟད། སྲིད་འཛིན་ཊམ་གྱིས་ཨ་རིའི་སྨན་དང་ཟས་རིགས་བརྟག་དཔྱད་ལས་ཁུངས་ལ་ཛ་དྲག་གི་འགོག་ཁབ་ཆོག་མཆན་སྤྲོད་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་པར་ཨ་རིའི་ཚན་རིག་པ་དང་རིགས་ནད་བརྟག་དཔྱད་སྨན་པ་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ཁོ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་ཉིད་བསྐྱར་དུ་འདེམས་ཐོན་ཡོང་ཐབས་སུ་འགོག་སྨན་དང་འགོག་ཁབ་དེ་ཚོར་ཕན་གནོད་ཅི་ཡོད་བརྟག་དཔྱད་མཐིལ་ཕྱིན་པ་ཞིག་བྱེད་དུ་མ་བཅུག་པར་འགྲེམ་སྤེལ་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

ད་ལྟ་ཉིན་འགའི་རྗེས་སུའང་སྲིད་འཛིན་ཌོ་ནལ་ཊམ་སྟངས་དཔྱལ་གཉིས་ལ་ཏོག་དབྱིབས་ནད་དུག་ཇི་ལྟར་འགོས་མིན་རྩད་གཅོད་ཡག་པོ་ཞིག་ཐུབ་ཀྱི་མེད་ཀྱང་ཕོ་བྲང་དཀར་པོའི་ལས་བྱེད་པ་དང་ཕོ་བྲང་དཀར་པོར་འབྲེལ་བ་ཡོད་པའི་མི་༣༤་ལ་ཏོག་དབྱིབས་ནད་དུག་འགོས། ཁ་སང་གཟའ་ལྷག་པའི་ཉིན་ཨ་རིའི་ཨེ་བྷི་སི་གསར་འགྱུར་ལས་ཁང་ལ་ཕོ་བྲང་དཀར་པོའི་ནང་ཁུལ་གྱི་ཡིག་ཆ་ཞིག་རག་ཡོད་པ་དེར་འཁོད་པ་ལྟར་ན། ད་སྔ་ཕོ་བྲང་དཀར་པོའི་ལས་བྱེད་པ་དང་སྲིད་འཛིན་ཊམ་གྱི་སློབ་སྟོན་པ་སོགས་མི་༢༤་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་པ་ཤེས་རྟོགས་བྱུང་རུང་དེ་གཅིག་པུས་ཚད་ཀྱི་མི་འདུག ཕོ་བྲང་དཀར་པོ་དང་ཨ་མི་རི་ཀའི་འབྲེལ་གཞུང་འབྲེལ་མི་སྣ་ཚོས་སྲིད་འཛིན་ཌོ་ནལ་ཊམ་གྱི་ཉེ་འཁོར་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་དང་ལས་སྣེ་མང་དག་ཅིག་ལ་ནད་དུག་འགོས་ཡོད་པ་རྣམས་སྦ་གསང་བྱས་ཏེ་གནས་ཚུལ་ཕྱིར་བསྒྲགས་བྱས་མི་འདུག སྲིད་འཛིན་ཊམ་སྨན་ཁང་ནས་ཕོ་བྲང་དཀར་པོར་ཕྱིར་ལོག་བྱས་མ་ཐུག་ཏུ་ཁ་རས་བཤུས་ཏེ་ཕར་ཚུར་ཕེབས་པ་རེད། སྲིད་འཛིན་ཊམ་གྱི་ནད་དུག་དེ་ཕོ་བྲང་དཀར་པོའི་སྐུ་སྲུང་བ་དང་ལས་བྱེད་པ། ཕོ་བྲང་དཀར་པོའི་ནང་འཁོར་གཞན་རྣམས་ལ་བགོ་སྲིད་པའི་ཉེན་ཀ་ཆེན་པོ་ཡོད་ཅེས་གནས་ཚུལ་སྤེལ། གཟའ་མིག་དམར་ཉིན་ཕོ་བྲང་དཀར་པོའི་འབྲེལ་མཐུད་འགན་འཛིན་གྱིས་ང་ཚོས་དོགས་ཟོན་ནན་པོ་བྱས་ནས་དུག་སེལ་བྱེད་ཀྱི་ཡོད། ད་ལྟ་ཕོ་བྲང་དཀར་པོར་སྲི་ཞུ་སྒྲུབ་བཞིན་པའི་ལས་བྱེད་པ་ཚོར་རང་གི་བདེ་ཐང་ལ་སེམས་ཁྲལ་མེད་ཅེས་བཤད། ཡིན་ནའང་ཕོ་བྲང་དཀར་པོའི་མཐོ་རིམ་ལས་སྣེ་ཕལ་ཆེ་བར་ནད་དུག་འགོས་ནས་ཚོམས་ཆེན་ནུབ་མར་ལས་བྱེད་པ་མེད་པར་སྟོང་པར་ལུས་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་སི་བྷི་ཨེ་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་རྒྱལ་སྲུང་ལྷན་ཁང་ལའང་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་ཨ་རིའི་མཚོ་སྲུང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པར་ནད་རྟགས་ཐོན། ཨ་མི་རི་ཀའི་མཐོ་རིམ་དམག་དོན་མི་སྣ་འགའ་ཞིག་རྒྱལ་སྲུང་ལྷན་ཁང་གི་ཚོགས་འདུར་ཞུགས་པའི་རྗེས་སུ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་ཟོན་བྱས་ནས་ཟུར་འགོག་བྱས་ཤིང་། ཨ་མི་རི་ཀའི་མཐོ་རིམ་དམག་སྤྱི་མང་དག་ཅིག་རྒྱལ་སྲུང་ལྷན་ཁང་ལ་དངོས་སུ་བཅར་མ་ཐུབ་པར་རང་ཁྱིམ་དུ་ལས་དོན་སྒྲུབ་དགོས་ཐུག་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མགྲིན་ཚབ་པ་ཞིག་གིས་མཚོ་སྲུང་དམག་སྤྱི་རཱེ་ལ་ཐུག་འཕྲད་མ་བྱུང་བའི་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོར་ནད་རྟགས་ཐོན་མེད་པས་བདེ་འཚམས་རེད། ཡིན་ནའང་ང་ཚོས་དོགས་ཟོན་གྱི་ཆེད་དུ་དམག་སྤྱི་རཱེ་ལ་སུ་སུ་ཐུག་འཕྲད་བྱུང་ཡོད་མེད་རྩད་གཅོད་བྱེད་ཀྱི་ཡོད། དམག་སྤྱི་རཱེ་ལ་ཐུག་འཕྲད་བྱུང་བའི་ལས་སྣེ་ཚོས་དོགས་ཟོན་གྱི་ཆེད་དུ་རང་ཉིད་ཟུར་འགོག་བྱས་ནས་བསྡད་ཡོད་ཅེས་བཀྲལ། ཨ་རིའི་ནད་རིགས་སྔོན་འགོག་ལས་ཁུངས་ཀྱིས་ནད་རྟགས་ཐོན་པའི་མི་ཚོས་ཉིན་བཅུ་ལ་རང་ཉིད་ཟུར་འགོག་བྱ་དགོས། ནད་དུག་འགོས་པའི་མི་ལ་འབྲེལ་བ་བྱུང་བའི་མི་ཚོས་རང་ཉིད་བདུན་ཕྲག་གཉིས་ཀྱི་རིང་དུ་ཟུར་འགོག་བྱ་དགོས་ཞེས་ལམ་སྟོན་བྱས་འདུག ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་ཏོག་དབྱིབས་རིམས་ནད་ཇི་ལྟར་ཁྱབ་མིན་རྩད་གཅོད་གསལ་པོ་ཞིག་ཐུབ་ཀྱི་མེད་མོད། འོན་ཀྱང་མི་ཚོས་ཕྱི་ཟླ་༩་པའི་ཚེས་༢༦་ཉིན་སྲིད་འཛིན་ཊམ་གྱིས་ཕོ་བྲང་དཀར་པོར་མི་ཚོགས་ཤིག་བསྡུས་ནས་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པའི་འོས་མི་མིང་འདོན་གྱི་མཛད་སྒོ་ཚོགས། མཛད་སྒོ་དེའི་ཐོག་ཏུ་མི་ཚོགས་ཤིག་འདུས་པ་དང་ཁ་རས་མ་གྱོན་པ། མི་ཚོས་བར་ཐག་བཞག་ནས་སྤྱི་ཚོགས་རྒྱང་བཀྱེད་བྱས་མེད་པས་མཛད་སྒོ་དེར་ཞུགས་པའི་མི་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས། ཁོ་ཚོས་ཨ་མི་རི་ཀས་སྤྱི་ཚོགས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གཏོང་གི་ཡོད་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG