ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྕམ་ནཱན་སས་པེ་ལོ་སི་བསྐྱར་དུ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཆགས་སྲིད།  


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བདུན་ཕྲག་འདིའི་གཟའ་ཉི་མའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་འོས་འདེམས་བྱེད་ཀྱི་ཡོད་པ་དང། ཚོགས་གཙོའི་འོས་འདེམས་ཀྱི་རྒྱལ་ཁ་སུ་ཞིག་ལ་ཐོབ་མིན་ནི་མ་འོངས་པའི་ལོ་གཉིས་ཀྱི་རིང་གྲོས་ཚོགས་འོག་མའི་ལས་དོན་སྒྲུབ་ཕྱོགས་མང་པོ་ཞིག་ལ་འབྲེལ་བ་ཆེན་པོ་ཡོད་ཅིང་། ད་ལྟའི་གྲོས་ཚོགས་ཀྱི་ཚོགས་གཙོ་ལྕམ་པེ་ལོ་སི་ཡང་བསྐྱར་ཚོགས་གཙོ་ཆགས་རྒྱུའི་རེ་བ་ཡོད་པ་དང་ཐེངས་འདི་ནི་མོས་ཚོགས་གཙོའི་འགན་འཁུར་བཞེས་རྒྱུའི་དུས་རིམ་མཐའ་མ་ཡིན་སྲིད་པར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཚོད་དཔག་བྱེད་བཞིན་འདུག བདུན་ཕྲག་འདིའི་གཟའ་ཉི་མ་ནས་མགོ་བཙུགས་ཏེ་ལྕམ་ནཱན་སས་པེ་ལོ་སི་ཡིས་ཕྱག་ལས་གནང་ཕྱོགས་ཀྱི་ཐད་དཀའ་ངལ་ཆེ་ཤོས་ཀྱི་དུས་སྐབས་ཤིག་གི་མགོ་བརྩམས་ངེས་ལ། སྤྱིར་བཏང་ད་ལོར་ཡང་གྲོས་ཚོགས་འོག་མའི་ནང་དམངས་གཙོའི་ཚོགས་པའི་འཐུས་མིས་གྲངས་མང་པོ་ཟིན་ཡོད་ནའང་། ལོ་སྔོན་མའི་ལས་ཡུན་དང་དང་བསྡུར་ན་དམངས་གཙོ་ཚོགས་པའི་འཐུས་མིའི་གྲངས་ཀ་ཉུང་རུ་ཕྱིན་ཡོད་པ་མ་ཟད། ཚོགས་པ་ནང་ཁུལ་་དུ་གཡོན་ཐལ་ཅན་གྱི་ལྟ་གྲུབ་འཛིན་མཁན་གྱི་འཐུས་མིའི་གྲངས་ཀ་མང་རུ་སོང་ནས་ཚོགས་པའི་ནུས་པ་ཁ་ཐོར་དུ་གཏོང་ངེས་པ་དང་། དམངས་གཙོ་ཚོགས་པའི་ཚོགས་ཁོངས་ནས་ཕེབས་པའི་ཨ་རིའི་སྲིད་འཛིན་གྱིས་ཁྲིམས་འཆར་བཟོ་རྒྱུའི་ཐད་དམིགས་ཡུལ་མཐོན་པོ་བཟུང་ཡོད་པ་བཅས་ནི་གྲོས་ཚོགས་འོག་མའི་ཚོགས་གཙོར་དཀའ་ངལ་འཕྲད་སྲིད་པའི་རྒྱུ་རྐྱེན་ཏུ་གྱུར་ཡོད། ཚོགས་གཙོའི་གདན་ཐོབ་ལ་འོས་འདེམས་བྱ་རྒྱུའི་གནད་འགག་ཅན་གྱི་ལས་དོན་འདི་ཐག་བཅད་པའི་རྗེས་ལ་མ་འོངས་པའི་ལོ་གཉིས་ཀྱི་རིང་ལྕམ་ནཱན་སས་པེ་ལོ་སི་གནས་སྟངས་ཅི་ལྟ་བུ་ཞིག་ལ་འཕྲད་རྒྱུ་ཡིན་མིན་གསལ་བོ་ཆགས་ངེས་པ་དང་། མོས་ཚོགས་གཙོའི་ལས་འགན་བཞེས་རྒྱུ་མཐའ་མ་དེ་ཆགས་རྒྱུ་ཡིན་པ་ཚོགས་གཙོ་པེ་ལོ་སི་ཡིས་བརྡ་བཏང་ཡོད་པ་རེད།

ད་ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་གི་ཨ་རིའི་གྲོས་ཚོགས་ཀྱི་འོས་བསྡུའི་གྲུབ་འབྲས་ལྟར་ན་གྲོས་ཚོགས་འོག་མའི་ནང་དམངས་གཙོ་ཚོགས་པའི་འཐུས་མིར་རྒྱལ་ཁ་ཐོབ་ཙམ་ལས་རྒྱལ་ཁ་ཆེན་པོ་ཐོབ་མེད་དེ། དམངས་གཙོ་ཚོགས་པར་འཐུས་མི་༢༢༢ དང་སྤྱི་མཐུན་ཚོགས་པར་འཐུས་མི་༢༡༡ཟིན་པ་དེ་འདས་པའི་ལོ་ངོ་ཉི་ཤུའི་ནང་གྲོས་ཚོགས་འོག་མར་རྒྱལ་ཁ་ཐོབ་མཁན་གྱི་ཆབ་སྲིད་ཚོགས་པའི་འཐུས་མིའི་གྲངས་ཉུང་ཤོས་དེ་ཆགས་ཡོད།

ཉེ་བའི་བདུན་ཕྲག་ཁ་ཤས་ཀྱི་རིང་ལ་ལྕམ་ནཱན་སས་པེ་ལོ་སི་ཡི་ལག་འོག་ཏུ་ཕྱག་ལས་གནང་མཁན་ཚོས་འོས་ཤོག་གི་གྲངས་ཀ་ལོངས་རྒྱུའི་ཆེད་དུ་དམངས་གཙོ་ཚོགས་པའི་འཐུས་མི་འདང་ངེས་གྲོས་ཚོགས་ལ་འཛོམས་རྒྱུ་སོགས་མོ་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་རྒྱུར་ཐབས་ཤེས་འཐེན་ཡོད། གཟའ་ཟླ་བའི་ཉིན་ལྕམ་པེ་ལོ་སི་དང་མོའི་ལས་གྲོགས་གཙོ་བོ་རྣམས་ཀྱིས་མོ་རང་བསྐྱར་དུ་ཚོགས་གཙོར་འོས་འདེམས་བྱ་རྒྱུར་མཁོ་བའི་འོས་ཤོག་གི་གྲངས་ཀ་ལོངས་ཀྱི་ཡོད་པའི་ལན་གནང་ཡོད་མོད། འོན་ཀྱང་གྲོས་ཚོགས་འཐུས་མི་ནང་ཁུལ་ལ་ཁ་པར་ཐོག་གྲོས་བསྡུར་གནང་སྐབས་ལྕམ་པེ་ལོ་སི་ཡིས་ཁོང་གི་ཁ་གཏད་གཙོ་བོ་ནི་ཏོག་དབྱིབས་ནད་ཡམས་ཆགས་ཡོད་ཅེས་གསུང་སྟངས་ལས་ནད་ཡམས་ཀྱི་རྐྱེན་གྱིས་འོས་ཤོག་འཕེན་སར་ཡོང་མཁན་མང་པོ་མེད་པའི་ཐད་བློ་འཚབ་ཡོད་པ་བསྟན་འདུག

དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་གནད་ཡོད་དག་གིས་ལས་རོགས་འཐུས་མི་རྣམས་སྔ་ས་ནས་ཝ་ཤིང་ཊོན་དུ་འཛོམས་ཐུབ་རྒྱུའི་སྐུལ་མ་གནང་འདུག གལ་སྲིད་འོས་བསྡུའི་སྒྲུབ་འབྲས་གསལ་པོ་མ་བྱུང་ན་དམངས་གཙོ་ཚོགས་པ་ནང་ཁུལ་གྱི་གནད་དོན་ཆགས་ནས་ཚོགས་གཙོ་བསྐོ་འཇོག་བྱ་རྒྱུར་ཉིན་ཁ་ཤས་འགོར་སྲིད་པ་མ་ཟད ཟླ་དང་པོའི་པོའི་ཚེས་ ༦ ཉིན་སྲིད་དོན་ཚོགས་པ་གཉིས་ཀྱི་འཐུས་མི་རྣམས་མཉམ་འཛོམས་ཀྱི་སྐབས་ལ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་སྲིད་འཛིན་གྱི་འོས་ཤོག་ཇོ་བྷད་ཊན་ལ་ཐོབ་སྟངས་ཐད་བསྐྱར་ཞིབ་ཀྱིས་དེའི་ཁ་གཏད་དུ་ལངས་ནས་གནས་ཚུལ་རྙོག་འཛིང་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཡང་ཡོད་པ་རེད། གྲོས་ཚོགས་ནང་ཁྲིམས་གཏན་འབེབས་བྱེད་རྒྱུ་ནི་ནད་ཡམས་བྱུང་བཞིན་པའི་སྐབས་འདིར་ཉེན་ཁ་ཆེན་པོ་ཡོད་པ་ཡང་ཉེ་ཆར་འདེམས་ཐོན་འཐུས་མི་གཅིག་ལ་ཏོག་དབྱིབས་ནད་དུག་ཕོག་པའི་རྐྱེན་གྱིས་བློ་བུར་དུ་འདས་གྲོངས་སོང་བའི་གནས་ཚུལ་གྱིས་གསལ་སྟོན་བྱས་ཡོད།

ཐེངས་འདིར་རང་ལོ་ ༨༠ ལ་སོན་པ་ལྕམ་པེ་ལོ་སི་ལ་དམངས་གཙོ་ཚོགས་པ་ནང་ཁུལ་ནས་ཡོངས་གྲགས་སྒོས་ཁ་གཏད་དུ་ལངས་མཁན་བྱུང་མེད་པ་མ་ཟད་ལོ་ངོ་གཉིས་ཀྱི་སྔོན་ལ་མོས་ཚོགས་གཙོ་གནང་རྒྱུར་དགག་བྱ་བྱེད་མཁན་གྱི་འཐུས་མི་ཁག་གཅིག་གིས་ཀྱང་དེང་སྐབས་མོའི་འདས་པའི་ལོ་གཉིས་རིང་གི་ཕྱག་ལས་གནང་སྟངས་ལ་བསྟོད་བསྔགས་བཏང་ཡོད་པ་རེད།

ལྕམ་པེ་ལོ་སི་དང་ཁོང་གི་ཕྱག་གཡས་གཡོན་ལྟ་བུའི་འཐུས་མི་གཉིས་ནི་དམངས་གཙོ་ཚོགས་པར་སྣེ་ཁྲིད་བྱེད་མཁན་དང་ཆིག་སྒྲིལ་བཟོ་མཁན་རེད་ཅེས་དམངས་གཙོ་ཚོགས་པ་ནང་ཁུལ་གྱི་ལྟ་གྲུབ་བར་གནས་མཁན་གྱི་འཐུས་མི་ཞིག་གིས་བརྗོད་ཡོད། སྤྱི་ལོ་༢༠༡༨ ནས་ ༢༠༢༠ལོའི་བར་དུ་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་གཡོན་ཐལ་ཅན་གྱི་ལྟ་གྲུབ་འཛིན་མཁན་གྱི་བུད་མེད་བཞི་ཡོད་པ་ཁོང་ཚོར་ད་ལོའི་ཕྱི་ཟླ་ ༡༡ ནང་དུ་ཡང་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ཡོད་པ་དང་། ད་དུང་དེའི་སྟེང་འོས་ཐོབ་མཁན་གྱི་ཚོགས་མི་གསར་བ་ཁག་ཅིག་གིས་ཨ་རིའི་གསར་ཁང་གི་བཅར་འདྲིའི་ལན་དུ་ལྕམ་པེ་ལོ་སི་ལ་འོས་འཕེན་རྒྱུ་མིན་པའི་བརྡ་ཡང་བཏང་ཡོད་པ་རེད།

ཏོག་དབྱིབས་ནད་ཡམས་ཁྱབ་པའི་དཀའ་ངལ་ནི་གྲོས་ཚོགས་ཀྱི་སྟངས་འཛིན་འོག་མེད་པར་བརྟེན་ཚོགས་གཙོའི་འོས་བསྡུ་མི་དངོས་སུ་འཛོམས་ནས་སྤེལ་རྒྱུར་འགལ་རྐྱེན་ཆགས་རྒྱུ་ཡིན་པ་དང་། ཡང་མི་ཁག་ཅིག་འོས་ཤོག་འཕེན་སར་བཅར་རྒྱུ་ཡིན་པ་ལས་དངོས་སུ་རྒྱབ་སྐྱོར་གནང་རྒྱུ་མིན་པ་རེད། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མིའི་ལས་བྱེད་ཁག་ཅིག་གིས་ལྕམ་པེ་ལོ་སི་ཡིས་ལས་ཡུན་གསར་པ་དེ་ཚར་པའི་རྗེས་ལ་བསྐྱར་དུ་ཚོགས་གཙོ་གནང་རྒྱུ་མིན་པ་དེ་སྔོན་ནས་ཁས་ལེན་གནང་ཡོད་པ་བརྟེན། གྲོས་ཚོགས་འཐུས་མིའི་འོས་བསྡུ་དེ་ལོ་གཅིག་གི་རྗེས་ཀྱི་བར་མའི་འོས་བསྡུ་ཞེས་པ་འཚོགས་སྐབས་ཚོགས་གཙོར་སྐྱོན་བརྗོད་བྱེད་མཁན་ལ་བློ་འཚབ་ཞེ་དྲགས་བྱེད་དགོས་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད།

༢༠༡༨ ལོའི་འོས་བསྡུའི་རྗེས་ལ་ཚོགས་གཙོའི་ལས་ཡུན་ཐེངས་གཉིས་ལ་མ་གཏོགས་གནང་རྒྱུ་མིན་པ་ཁས་ལེན་གནང་ཡོད་པ་དང་དེ་ལྟར་བརྩི་སྲུང་རྒྱུའི་འཆར་གཞི་ཡོད་ཅེས་ཀྱང་ལྕམ་པེ་ལོ་སི་ཡིས་བརྗོད་འདུག

XS
SM
MD
LG