ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ལོ་སར་གྱི་དགའ་སྟོན་ཚུགས་ཀྱི་མེད་པ།


༄༅།། བོད་རྒྱལ་ལོ་༢༡༤༨་ལོའི་ལྕགས་གླང་གནམ་ལོ་གསར་དུ་བཞད་པའི་དུས་སྐབས་འདིར་བཙན་བྱོལ་བོད་མིའི་གཞིས་ཆགས་ཆེ་ཤོས་དང་མི་འབོར་མང་ཤོས་ཡོད་སའི་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ཏུ་ལོ་ལྟར་བོད་ཀྱི་ལོ་སར་སྔོན་དེར་ཕྱི་ནང་ཡུལ་གྲུ་གང་ས་ནས་བཟའ་མི་སྤུན་མཆེད་རྣམས་གཞིས་ཆགས་ཁག་ཏུ་ལོ་གསར་པའི་དགའ་སྟོན་ལ་འཛོམ་སྲོལ་ཡོད་ཅིང་། སྦེལ་ཀོབ་གཞིས་ཆགས་ལ་མཚོན་ན་སྤུན་ཟླའི་རོལ་ཚོགས་དང་ཀ་རུ་ཕན་བདེ་དགའ་ཚལ་གླིང་དབང་པོ་སྐྱོན་ཅན་སློབ་གྲྭ་སོགས་ཚོགས་སྡེ་འདྲ་མིན་གྱིས་ཕྱི་ནང་གི་གཞས་པ་གཞས་མ་གྲགས་ཅན་རྣམས་གཞིས་ཆགས་སུ་གདན་འདྲེན་ཞུས་ཏེ་གཞི་རྒྱ་ཆེ་བའི་གཞས་སྣ་འཁྲབ་སྟོན་གོ་སྒྲིག་དང་གཞིས་ཆགས་ཁག་ཏུ་སྐོར་སྐྱོད་འཁྲབ་སྟོན། དེ་བཞིན་ལོ་སར་གྱི་དགའ་སྟོན་བྱེད་སྒོ་འདྲ་མིན་སྤེལ་མཁན་ཡོད་པས་གཞིས་ཆགས་ཀྱི་ལོ་སར་ལ་དམིགས་བསལ་གྱི་མི་ཚོགས་ཆེ་བ་དང་ཧ་ཅང་གི་འཁྲུག་ཆ་དོད་པོ་ཞིག་ཡོད་པ་རེད།

ད་ལོ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་དུག་འཛམ་གླིང་ཡོངས་ལ་ཁྱབ་སྟེ་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུའང་སྔར་བཞིན་ལོ་སར་དུས་སུ་ཕྱི་ནང་གི་བཟའ་མི་སྤུན་མཆེད་སུ་གཅིག་ཀྱང་ཡོང་ཐུབ་ཀྱི་མེད་ཅིང་། ཕྲུ་གུ་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་ཕ་མ་རྒན་རྒོན་མང་པོ་ཞིག་ལོ་སར་དུས་སུ་ཕྲུ་གུ་རྣམས་ཕྱིར་ལོག་མ་ཐུབ་པར་སེམས་སྡུག་བྱེད་ཀྱི་ཡོད་པར་མ་ཟད། ད་ལྟ་དགུང་ལོ་༨༢་ལ་སོན་པའི་ཨ་མ་ཚེ་རིང་ལྷ་མོ་ནི་སྦེལ་ཀོབ་ལུགས་བསམ་གཞིས་ཆགས་ཀྱི་གཞིས་གྲོང་༦་པ་ནས་ཡིན་ཞིང་། ཁོང་གི་ཕྲུ་གུ་༦་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པས་ལོ་འདིར་བུ་ཕྲུག་རྣམས་ཨ་མར་ཐུག་འཕྲད་དུ་ཡོང་མ་ཐུབ་པར་སྐྱོ་སྣང་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

དེ་སྔོན་ལོ་སར་གོང་དུ་ཕྲུ་གུ་རྣམས་ཕྱི་རྒྱལ་ནས་ཡོང་སྟེ་ལོ་སར་གྱི་གྲ་སྒྲིག་དང་ཉོ་ཆ་རྒྱག་རྒྱུ་སོགས་ཆ་ཚང་ཕྲུ་གུ་ཚོས་སྒྲུབ་ཀྱི་ཡོད་ཀྱང་ད་ལོ་གྲ་སྒྲིག་ཚང་མ་ཨ་མ་གཅིག་པུས་བྱེད་དགོས་ཀྱི་ཡོད་འདུག ལོ་ལྟར་བོད་ཀྱི་ལོ་སར་སྐབས་སུ་གཞི་རྒྱ་ཆེ་བའི་སྤྲོ་སྐྱིད་ཀྱི་རོལ་དབྱངས་འདུ་འཛོམ་ཞིག་གོ་སྒྲིག་གནང་མཁན་གྲས་ཏེ། སྤུན་ཟླའི་རོལ་ཚོགས་ཀྱི་འགན་ཁུར་བ་ཆོས་རྒྱལ་ལགས་ཀྱིས་གསུངས་ན་འདི་ལོ་ཡང་མང་ཚོགས་རྣམས་སྤྲོ་པོ་ཡོང་ཆེད་རོལ་དབྱངས་འདུ་འཛོམ་གྱི་གྲ་སྒྲིག་བྱ་རྒྱུའི་རེ་བ་བྱས་ཀྱང་ནད་ཡམས་ཀྱི་དཀའ་ངལ་མུ་མཐུད་དུ་ཡོད་པས་བྱེད་ཐུབ་མ་སོང་། འོན་ཀྱང་སྟོང་མིན་རྟེན་འབྲེལ་ཆེད་དུ་སྦེལ་ཀོབ་ལྷ་མོ་བ་གདན་འདྲེན་ཞུས་ནས་དྲྭ་ལམ་དུ་ལྷ་མོའི་རྣམ་ཐར་དང་ནང་མ་བསྟོད་གཞས་ཀྱི་འཁྲབ་སྟོན་བྱ་རྒྱུའི་སྒྲ་སྒྲིག་ཞུས་འདུག

ལྷོ་ཕྱོགས་གཞིས་ཆགས་ཁག་གི་བོད་པའི་ཁྲོམ་གཞུང་དུ་ལོ་སར་གྱི་སྡེར་ཁ་སོགས་ལ་མཁོ་བའི་ཁ་ཟས་དང་ཟས་རིགས་འཚོང་མཁན་སྔར་ལས་ཇེ་མང་དུ་སོང་། དེ་བཞིན་གཞིས་ཆགས་ཀྱི་བོད་པའི་ཚང་ཚོང་ཁག་ཏུ་ལོ་སར་གྱི་མཁོ་ཆས་འཚོང་གི་ཡོད་པ་དེ་དག་གི་ནང་དུ་ཉོ་ཆ་རྒྱག་མཁན་འཚང་ཁ་ཤིག་ཤིག་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG