ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༧/༡༩

ཞི་བདེ་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྒྱ་ནག་ལ་འབྱོར་བ།


ཞི་བདེ་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྒྱ་ནག་ལ་འབྱོར་བ།
ཞི་བདེ་རྒྱ་མཚོའི་མཚོ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྒྱ་ནག་ལ་འབྱོར་བ།

༄༅། །སོ་ལོ་མོན་མཚོ་གླིང་གི་སྲིད་བློན་ཇེ་རི་མྱི་ མ་ནི་ལི་དང་ཝ་ནུ་ཏུ་མཚོ་གླིང་གི་སྲིད་བློན་ཅར་ལོཌ་ སལ་ཝེ་གཉིས་བདུན་ཕྲག་འདིར་རྒྱ་ནག་ལ་འབྱོར་འདུག་པ་དང་། ཞི་བདེ་རྒྱ་མཚོ་ཁུལ་གྱི་ལྷོ་ངོས་མཚོ་གླིང་གི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྒྱ་ནག་ལ་འབྱོར་བའི་དུས་ཚོད་དེ་མངའ་ཁུལ་དེར་ཨོས་ཀྲེ་ལི་ཡ་དང་། ཨ་རི། རྒྱབ་ཁབ་གཞན་ཁག་གཅིག་བཅས་ཀྱིས་གནོན་ཤུགས་ལ་རྒྱ་ནག་གིས་འགྲན་སྡུར་བྱེད་བཞིན་པའི་སྐབས་ཡིན་པ་རེད།

བདུན་སྔོན་མ་རྒྱ་ནག་གིས་བྷི་ནུའི་ཀྲ་ལ་སྲིད་འཛིན་ཕོ་བྲང་གསར་རྒྱག་ལ་དངུལ་གྱི་ཞལ་འདེབས་སྤྲད་ཡོད་ཅིང་། ཨོས་ཀྲེ་ལི་ཡ་དང་ནེའུ་ཛར་ལེནྜ་གཉིས་ནས་སོ་ལོ་མོན་ལ་གནམ་ཐང་གསར་རྒྱག་ལ་རོགས་པ་བྱས་ཡོད། སོ་ལོ་མན་གྱི་སྲིད་བློན་མ་ནི་ལེ་ཨོས་ཀྲེ་ལི་ཡ་ལ་རྒྱལ་དོན་འཚམས་འདྲི་ལ་འབྱོར་སྐབས་ཨོས་ཀྲེ་ལི་ཡ་གཞུང་ལ་ཉེན་རྟོགས་དཔུང་དམག་ལྡབ་གཅིག་མང་དུ་གཏོང་རོགས་ཞེས་ཞུས་ཡོད་ཅིང་། མ་ན་ལི་སྲིད་བློན་ཆགས་རྗེས་རྒྱལ་དོན་འཚམས་འདྲི་དང་པོ་དེ་ཨོས་ཀྲེ་ལི་ཡ་ལ་བྱས་ཡོད་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་དོན་ལ་ ཨོས་ཀྲེ་ལི་ཡས་སོ་ལོ་མན་ལ་གནམ་ཐང་གི་རོགས་རམ་དང་བདེ་འཇགས་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནད་དོན་གཉིས་ནི་སྲིད་བློན་མ་ནེ་ལེ་རྒྱ་ནག་ཏུ་ཡོད་རྒྱུན་རྒྱ་ནག་གིས་དམིགས་ཚད་བཟུང་ས་གཙོ་བོ་དེ་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག ཇར་མན་ནིའི་གྲོང་ཁྱེར་མུ་ནིག་ནང་ཡོད་པའི་ལུཌ་ཝིཀ་མེཀ་ས་མི་ལན་མཐོ་རིམ་སློབ་གྲྭའི་ཉམས་ཞིབ་པ་མའི་ཁལ་གྱིས་ཨ་རི་རླུང་འཕྲིན་ཁང་ལ་བརྗོད་དོན། མཚོ་གླིང་གི་རྒྱལ་ཁབ་སོ་ལོ་མོན་དང་ཨོས་ཀྲེ་ལི་ཡའི་འབྲེལ་བ་ལ་འགྲན་སེམས་བྱས་ནས་འཁོན་འཛིན་དང་དོ་སྣང་བྱེད་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་འདུག ཆབ་སྲིད་དབྱེ་ཞིབ་པ་ཁག་གཅིག་གིས་སྲིད་བློན་མ་ན་ལིས་མཚོ་གླིང་གི་རྒྱལ་ཁབ་དེའི་དཔལ་འབྱོར་གྱི་གནས་སྟངས་གནད་འགག་ཆ་ཤོས་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད་ཅེས་བཤད་འདུག

སྲིད་བློན་མ་ན་ལི་རྒྱ་ནག་ལ་མ་འབྱོར་གོང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་མ་ན་ལིས་འཚམས་འདྲི་གནང་སྐབས་རྒྱལ་ཁབ་གཉིས་ཕན་ཚུན་གཉིས་ཕན་གྱི་འབྲེལ་བའི་སྐོར་བཀའ་གྲོས་བྱེད་ཀྱི་རེད་ཅེས་བཤད་ཡོད་པ་མ་ཟད། ཕྱི་སྲིད་ལས་ཁུངས་ཀྱི་མགྲེན་ཚབ་པ་མའོ་ནིན་གྱིས་མ་ན་ལིའི་འཚམས་འདྲི་དེས་་ཕྱོགས་གཉིས་དབར་འཐབ་ཇུས་ལྡན་པའི་འབྲེལ་ལམ་དང་མཉམ་ལས་རྒྱ་བསྐྱེད་བཏང་ནས་གཉིས་ཕན་གྱི་འབྲེལ་བ་ཇེ་བཟང་དུ་གཏོང་རྒྱུའི་གོ་སྐབས་ཡོང་གི་རེད་ཅེས་བཤད་འདུག

སྲིད་བློན་མ་ན་ལི་རྒྱ་ནག་ནས་ཉི་ཧོང་ནང་ཟླ་བ་འདིའི་ཚེས་༡༦ནས་༡༨་བར་ཚོགས་འཆར་ཡོད་ཞི་བདེ་རྒྱལ་མཚོ་ཁུལ་གྱི་དབུ་ཁྲིད་ཀྱི་ལྷན་ཚོགས་བཅུ་པ་པར་ཚོགས་ཞུགས་བྱ་རྒྱུར་བསྐྱོད་རྒྱུ་ཡིན་པ་དང་། རྒྱ་ནག་གིས་ཞི་བདེ་རྒྱ་ཚོ་ཁུལ་གྱི་རྒྱལ་ཁབ་བཅུའི་མཉམ་དུ་བདེ་འཇགས་ཀྱི་གྲོས་མཐུན་འཇོག་རྒྱུར་ཕྱི་ལོ་༢༠༢༢ལོ་ནས་རེ་བ་བྱས་ཡོད་ནའང་། ལམ་ལྷོང་བྱུང་མེད། འོན་ཀྱང་རྒྱ་ནག་གིས་མངའ་ཁུལ་དེར་གནོན་ཤུགས་སྤྲད་ཨེ་ཐུབ་ལྟ་བཞིན་པ་རེད།

གསར་འགོད་པ་རྒྱ་རི་རྡོ་རྗེ་ཐོགས་མེད་ཀྱིས་རུའི་ཀྲར་གསར་སྤེལ་ལས་ཁང་སོགས་ནས་བཏུས།
རྩོམ་སྒྲིག་པ་རྣམ་རྒྱལ་ཤཱསྟྲཱིས་ཞུ་དག་བྱས།

གླེང་སྟེགས།

XS
SM
MD
LG