ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༧/༡༩

ཨུ་རུ་སུ་སྟོབས་ཤུཊ་ཉམས་ནས་དབུས་ཨེ་ཤི་ཡ་རྒྱ་ནག་གི་ཤུཊ་རྐྱེན་འོག་ཏུ་ཚུད།


ས་ཅིན་ཕིང་དང་ཕུ་ཊིན་གཉིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་རྒྱུར་བློ་ཁ་མཐུན་
ས་ཅིན་ཕིང་དང་ཕུ་ཊིན་གཉིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་རྒྱུར་བློ་ཁ་མཐུན་

༄༅།། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་ཤར་དེར་པེ་ཅིང་ལ་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚུགས་པའི་སྔ་ནུབ་ཏུ་ཕུ་ཊིན་དང་ཞིས་ཅིན་ཕིང་གིས་ཕྱོགས་གཉིས་ཀྱི་མཛའ་འབྲེལ་ལ་ཚད་འཛིན་མེད་ཅེས་བསྒྲགས། ད་ལྟ་ཨུ་རུ་སུའི་རྒྱབ་ར་(Backyard)་ལྟ་བུར་གྱུར་པའི་དབུས་ཨེ་ཤི་ཡར་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་སྟེ་པེ་ཅིང་དང་མོ་སི་ཀོ་གཉིས་མངོན་གསལ་མེད་པར་དགྲ་ཟླར་འགྱུར་གྱི་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༣་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཕུ་ཊིན་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འཚམས་འདྲིར་ཕྱིན་ནས་མངའ་ཁུལ་དེར་སྔར་བཞིན་ཤུགས་རྐྱེན་ཐེབས་ཐབས་སུ་འབད། ཨུ་ཛི་བྷེ་ཀི་སི་ཐན་སོགས་ཀྱིས་ཕུ་ཊིན་ལ་ས་གདན་དམར་པོ་བཏིངས་ནས་ཕེབས་སུ་གཟབ་རྒྱས་ཞུས་ཀྱང་དོན་དངོས་སུ་ཨུ་རུ་སུ་སྟོབས་ཤུགས་ཉམས། དེ་སྔའི་ཨུ་རུ་སུ་དམར་ཤོག་གི་རྒྱལ་ཕྲན་ཁག་རྒྱ་ནག་གི་ཤུགས་རྐྱེན་འོག་ཏུ་ཚུད།།

ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཁ་གཏད་གཅོག་རྒྱུར་བློ་ཁ་མཐུན་ནས་བཙན་དབང་རིང་ལུགས་པ་རྣམས་ཕྱོགས་གཅིག་ཏུ་འདུས། ཨུ་རུ་སུའི་ཤུགས་རྐྱེན་ཁྱབ་ཡུལ་དབུས་ཨེ་ཤི་ཡ་བརྩད་ནས་རྒྱ་ནག་དང་ཨུ་རུ་སུའི་ཚད་འཛིན་མེད་པའི་མཛའ་འབྲེལ་དེ་ཚད་ཡོད་ཅིག་ཏུ་གྱུར། རྒྱ་ནག་གིས་འཛམ་གླིང་དབང་བསྒྱུར་གྱི་ཧམ་སེམས་བཅངས་ཡོད་པ་ཨུ་རུ་སུའི་ཁེ་ཕན་ལ་གནོད་གཞི་ཞིག་ཏུ་འགྱུར་གྱི་ཡོད་པ་ཤིན་ཏུ་གསལ། གཟའ་འཁོར་འདིར་ཧྲང་ཧེ་མཉམ་འབྲེལ་མཐུན་ཚོགས་ཀྱི་ཡུལ་གྲུ་ཁག་གི་ཆེས་མཐོའི་འགོ་ཁྲིད་ཚོ་ཁ་ཛཀ་སི་ཐན་ལ་ཚོགས་འདུར་བསླེབས། ཚོགས་འདུའི་རྗེས་སུ་ཞིས་ཅིན་ཕིང་ཏ་ཇིཀ་སི་ཐན་ལ་འཚམས་འདྲིར་བསྐྱོད་རྒྱུའི་གསལ་བསྒྲགས་སྤེལ། འདི་ནི་༢༠༡༣་ནས་ཞིས་ཅིན་ཕིང་དབུས་ཨེ་ཤི་ཡར་འཚམས་འདྲིར་བསྐྱོད་པ་ཐེངས་༨་པ་ཡིན་འདུག

ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་
ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་

ཡུཀ་རེན་གྱི་དམག་འཁྲུག་ལངས་ཡོད་པའི་དུས་འདིར་ཞིས་ཅིན་ཕིང་གིས་གོ་སྐབས་བཟུང་ནས་ཨུ་རུ་སུའི་ཤུགས་རྐྱེན་ཐེབས་ཡུལ་དབུས་ཨེ་ཤི་ཡ་དང་གོ་ལའི་བྱང་སྣེ་གཉིས་སུ་རྒྱ་ནག་གི་སྟོབས་ཤུགས་རྒྱ་བསྐྱེད། ཡུཀ་རེན་གྱི་དམག་འཁྲུག་ལ་བརྟེན་ནས་ཨུ་རུ་སུ་མཐག་གཅིག་ཏུ་རྒྱ་ནག་ལ་བསྙེ་དགོས་པས་དབུས་ཨེ་ཤི་ཡ་དང་གོ་ལའི་བྱང་སྣེའི་དོན་དུ་རྒྱ་ནག་གི་ངོ་ཡར་ལང་མ་ཕོད། ཨུ་རུ་སུར་རྒྱ་ནག་ལ་ཁ་གཏད་གཅོག་ཐུབ་པའི་སྟོབས་ཤུགས་ཀྱང་ཞན། ལོ་བཅུ་ཕྲག་མང་པོར་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་འབྲེལ་བཙུགས། རྒྱལ་ཁབ་དེ་དག་གི་ངལ་རྩོལ་བ་ས་ཡ་མང་པོ་ཨུ་རུ་སུའི་གྲོང་ཁྱེར་ཁག་ཏུ་གླ་གཡོག་རྒྱུག་གི་ཡོད་མོད། ཉེ་བའི་ལོ་ཤས་ཤིག་ནས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཀྱི་དཀྱིལ་འཁོར་ནང་དུ་ཚུད། རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་མ་རྩ་བཙུགས་ནས་རྒྱལ་ཁབ་དེ་དག་གི་ངལ་རྩོལ་བ་ཚོ་ཨུ་རུ་སུར་ལས་ཀ་འཚོལ་དུ་འགྲོ་རྒྱུ་ཉུང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཡུ་རོབ་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཀྱང་ལྕགས་ལམ་དེ་ཨུ་རུ་སུ་བརྒྱུད་ནས་འཛུགས་སྐྲུན་བྱེད་ཀྱི་མེད་པར་མ་ཟད། རྒྱ་ནག་གིས་དབུས་ཨེ་ཤི་ཡར་ཉི་གློག་དང་རླུང་གློག་བཙུགས་ཏེ་ཨུ་རུ་སུའི་སོལ་རླངས་ལ་རྦད་དེ་བརྟེན་མི་དགོས་པ་ཞིག་ཏུ་བསྒྱུར། ལོ་ན་༢༩་ལ་སོན་པའི་ཨུ་ཛི་བྷེ་ཀི་སི་ཐན་གྱི་ངལ་རྩོལ་བ་ཀུལ་མ་ཏོབ་ཞེས་པ་ཞིག་གིས་རྒྱ་ནག་གིས་བཟོ་གྲྭ་བཙུགས་ནས་ང་ཚོ་ངལ་རྩོལ་བ་ཚོར་ཕན་ཐོགས་འབྱུང་གི་ཡོད་པ་བརྗོད་ཅི་དགོས། སུ་ལ་ལས་ཀ་དགོས་ན་ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་བསྐྱོད་མི་དགོས་པར་རང་ཡུལ་དུ་ལས་ཀ་རག་གི་འདུག་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་སྤོར་སྐྱོད་ངལ་རྩོལ་སྒྲིག་འཛུགས་ཀྱིས་༢༠༢༢་ལོར་ཨུ་ཛི་བྷེ་ཀི་སི་ཐན་བ་ས་ཡ་༡.༤༥་ཨུ་རུ་སུར་ལས་ཀ་འཚོལ་དུ་ཕྱིན་འདུག ༢༠༢༣་ལོར་ཨུ་ཛི་བྷེ་ཀི་སི་ཐན་བ་ས་ཡ་༡.༣་ལས་ཨུ་རུ་སུར་ལས་ཀ་འཚོལ་དུ་ཕྱིན་མི་འདུག་ཅེས་གཞི་གྲངས་སུ་འཁོད།།

ཨུ་རུ་སུའི་གོང་མའི་དུས་ནས་དབུས་ཨེ་ཤི་ཡ་ནི་མོ་སི་ཀོའི་ཤུགས་རྐྱེན་ཁྱབ་ཡུལ་དུ་བརྩིས། ཨུ་རུ་སུ་དམར་ཤོག་གི་དུས་སུ་ཡང་དབུས་ཨེ་ཤི་ཡ་མོ་སི་ཀོའི་དབང་བསྒྱུར་འོག་ཏུ་བསྡུས། དམར་ཤོག་གི་ལམ་ལུགས་འཐོར་ཞིག་ཕྱིན་པའི་རྗེས་སུའང་དབུས་ཨེ་ཤི་ཡ་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་མ་ཐར། ཡིན་ནའང་ཡུཀ་རེན་གྱི་དམག་འཁྲུག་དང་རྒྱ་ནག་གི་སྟོབས་འབྱོར་རྒྱས་པའི་སྟབས་ཀྱིས་དབུས་ཨེ་ཤི་ཡར་ཨུ་རུ་སུ་དང་རྒྱང་ཐག་རིང་དུ་གཏོང་བའི་གོ་སྐབས་ཤིག་ཐོབ། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ལྔས་ཡུཀ་རེན་གྱི་དམག་འཁྲུག་ཐོག་ཏུ་བཏང་སྙོམས་ཀྱི་ལངས་ཕྱོགས་བཟུང་ནས་ཨུ་རུ་སུར་རྒྱབ་སྐྱོར་མ་བྱས། ཨ་རིའི་ཁར་ཎི་གྷི་ཞིབ་འཇུག་ཁང་གི་ཨུ་རུ་སུ་དང་ཡུ་རེ་ཤི་ཡའི་ལྟེ་གནས་ཀྱི་ཉམས་ཞིབ་པ་ཐེ་མུར་ཨུ་མ་རོབ་ཀྱིས་ཨུ་རུ་སུ་ཆབ་སྲིད་ཀྱི་མིག་རྒྱང་ཐུང་དྲགས་ཏེ་དབུས་ཨེ་ཤི་ཡར་མ་རྩ་འཛུགས་ཀྱི་མི་འདུག རྒྱ་ནག་གིས་དབུས་ཨེ་ཤི་ཡར་མདུན་ལམ་བསྐྲུན་ཐུབ་པའི་རྣམ་པ་སྟོན་གྱི་འདུག་ཅེས་བཀྲལ།།

རྒྱ་ནག་དང་ཨུ་རུ་སུ་གཉིས་ཀར་དབུས་ཨེ་ཤི་ཡ་གནད་འགག་ཆེ། དབུས་ཨེ་ཤི་ཡ་བརྒྱུད་ནས་ཨུ་རུ་སུ་ལྷོ་ཨེ་ཤི་ཡའི་ཁྲོམ་ར་ཁག་ཏུ་སྙོབ་ཐབས་ཀྱི་དགོས་མཁོ་ཆེ་བ་ལྟར་རྒྱ་ནག་གིས་ཀྱང་དབུས་ཨེ་ཤི་ཡ་རྒྱུད་གཅིག་ལམ་གཅིག་གི་ལས་གཞིའི་ཁོངས་སུ་བཅུག་སྟེ་རྒྱ་ལམ་དང་ལྕགས་ལམ། མཚོ་ལམ་སོགས་འཛུགས་སྐྲུན་བྱས་ནས་རྒྱ་ནག་ལ་སྦྲེལ། འདས་པའི་ལོ་མང་རིང་ཨུ་རུ་སུ་དབུས་ཨེ་ཤི་ཡའི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ལེན་པ་དང་རྒྱ་ནག་འཛུགས་སྐྲུན་དང་ཚོང་ལས་ཀྱི་མ་རྩ་འཛུགས་མཁན་ལྟར་དུ་གྱུར་ཀྱང་༢༠༡༦་ནས་རྒྱ་ནག་དང་དབུས་ཨེ་ཤི་ཡའི་ཚོང་ལས་ཨ་སྒོར་དུང་ཕྱུར་༩༨༠་བརྒལ། རྒྱ་ནག་གིས་དབུས་ཨེ་ཤི་ཡའི་ཆབ་སྲིད་དང་དམག་དོན། ཕྱི་འབྲེལ་དང་དཔལ་འབྱོར། ཚོང་ལས་བཅས་ལ་སྟངས་འཛིན་བྱས་ནས་ཨུ་རུ་སུར་མཐར་བསྐྲད། ༢༠༢༣་ནས་རྒྱ་ནག་ཨུ་རུ་སུའི་གོང་དུ་ཤོར་ཏེ་ཨུ་ཛི་བྷེ་ཀི་སི་ཐན་གྱི་ཚོང་གྲོགས་རྒྱལ་ཁབ་ཨང་པོའི་གནས་བབ་བཟུང་། དེང་སྐབས་ཨུ་ཛི་བྷེ་ཀི་སི་ཐན་གྱི་རྒྱལ་ལམ་ཁག་ཏུ་ཨུ་རུ་སུའི་རླངས་འཁོར་ཇེ་ཉུང་དང་རྒྱ་ནག་གི་རླངས་འཁོར་ཇེ་མང་དུ་སོང་།།

ཨེ་ཤི་ཡའི་རྒྱལ་ཁབ་ཁག་
ཨེ་ཤི་ཡའི་རྒྱལ་ཁབ་ཁག་

སྔོན་ཆད་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་སྲང་ལམ་དང་སྒོ་བྱང་ཐོག་ཏུ་ཨུ་རུ་སུའི་ཡི་གེ་བྲིས། ད་ལྟ་དབྱིན་ཡིག་དང་རྒྱ་ཡིག་བྲིས་ནས་༢༠༢༣་ལོར་ཨུ་ཛི་བྷེ་ཀི་སི་ཐན་གྱིས་ཕྱི་ནས་རླངས་འཁོར་བརྒྱ་ཆ་༨༠་ནང་འདྲེན་བྱས་པ་དེའི་གྲས་ཀྱི་རླངས་འཁོར་༧༣༠༠༠་རྒྱ་ནག་གི་རླངས་འཁོར་རེད། ༢༠༢༡་ལོར་ཨུ་རུ་སུའི་རླངས་འཁོར་༤༥༠༠་ལས་ཨུ་ཛི་བྷེ་ཀི་སི་ཐན་ལ་བཙོངས་ཐུབ་མི་འདུག་ཅེས་གཞི་གྲངས་བཏོན། རྒྱ་ནག་གིས་རིང་ཚད་དབྱིན་ལེ་༡༢་ཡོད་པའི་ཕུག་ལམ་ཞིག་འཛུགས་སྐྲུན་བྱས་ནས་ཨུ་ཛི་བྷེ་ཀི་སི་ཐན་གྱི་ཤར་མཐའ་རུ་ཆགས་པའི་ཧྥེར་གྷ་ན་ལུང་གཤོངས་རྒྱལ་ཡོངས་ལ་མཐུད། དེ་བཞིན་ཏ་ཇིཀ་སི་ཐན་གྱི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དུ་རྒྱ་ལམ་འཛུགས་སྐྲུན་བྱས་ནས་འགྲིམ་འགྲུལ་གྱི་དུས་ཡུན་ཆུ་ཚོད་༨་ཐུང་དུ་བཏང་ཞིང་། ད་སྔ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་རྒྱ་ལམ་དང་ལྕགས་ལམ། མཁའ་ལམ་སོགས་ཨུ་རུ་སུར་མཐུད་ཀྱང་རིམ་བཞིན་རྒྱ་ནག་ལ་མཐུད་ནས་ཨུ་རུ་སུ་ཟུར་དུ་ཕུད་ཡོད་པའི་གནས་ཚུལ་ཐོན་འདུག

༡༩༩༧་ནས་རྒྱ་ནག་དང་ཀིར་ཀི་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན་གསུམ་མཉམ་འབྲེལ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུའི་གྲོས་མཐུན་བྱུང་། ད་ལོའི་ཕྱི་ཟླ་༦་པའི་མགོ་སྟོད་དེར་གོང་འཁོད་རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཚོས་གྲོས་མཐུན་དེར་མིང་རྟགས་བཀོད། ཁོ་ཚོས་ཨུ་རུ་སུ་མ་བརྒྱུད་པར་མཉམ་འབྲེལ་ལྕགས་ལམ་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པ་དེས་ཨེ་ཤི་ཡའི་ཤར་ཕྱོགས་ནས་དཀྱིལ་ཤར་ས་ཁུལ་དང་ཡུ་རོབ་ཀྱི་ལྷོ་ཕྱོགས་བར་དུ་ལམ་ཐག་དབྱིན་ལེ་བརྒྱ་ཕྲག་འགའ་ཞིག་ཐུང་དུ་གཏོང་ཐུབ་པས་སྐྱེལ་འདྲེན་མྱུར་བ་དང་འགྲོ་གྲོན་ཆུང་བ། རྒྱ་ནག་གི་བཟོ་ཚོང་ལས་ཁང་ཞིག་གིས་ཨུ་ཛི་བྷེ་ཀི་སི་ཐན་གྱི་ས་ཐོག་ཏུ་བཟོ་གྲྭ་གསར་པ་ཞིག་བཙུགས་ཏེ་ལོ་རེར་གློག་གི་རླངས་འཁོར་༥༠༠༠༠་རེ་བཟོ་འཆར་ཡོད་པ་རྣམས་དབུས་ཨེ་ཤི་ཡ་དང་དཀྱིལ་ཤར་ས་ཁུལ། ཡུ་རོབ་ལྷོ་ཕྱོགས་བཅས་སུ་མྱུར་དུ་སྐྱེལ་འདྲེན་ཐུབ་པའི་གནས་ཚུལ་ཐོན་འདུག ཨུ་ཛི་བྷེ་ཀི་སི་ཐན་གྱི་ངལ་རྩོལ་བ་ཀུལ་མ་ཏོབ་ཀྱིས་ང་ནི་རྒྱ་ནག་གི་བཟོ་གྲྭ་མང་ཙམ་བཙུགས་ན་དགའ་མོས་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་འདེབས་བྱས་འདུག

གླེང་སྟེགས།

XS
SM
MD
LG