ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༡༣

ཐེ་ཝན་གྱི་སྐུ་ཚབ་ཀྱིས་རྒྱ་ནག་གིས་ཐེ་ཝན་ཐོག་ཁྲིམས་ཀྱི་སྡིག་སྐུལ་བྱས་པར་སྐྱོན་བརྗོད།


ཨ་རིའི་ནང་བཅའ་སྡོད་ཐེ་ཝན་གྱི་མཐོ་རིམ་སྐུ་ཚབ་ཞཱུ་ཏཱ་ལི་
ཨ་རིའི་ནང་བཅའ་སྡོད་ཐེ་ཝན་གྱི་མཐོ་རིམ་སྐུ་ཚབ་ཞཱུ་ཏཱ་ལི་

༄༅། །ཕྱི་ཟླ་༡པོའི་ནང་བྱས་པའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་ནང་གཞུང་འཛིན་མང་གཙོ་ཡར་ཐོན་ཚོགས་པར་བསྐྱར་དུ་རྒྱལ་ཁ་ཐོབ་སྟེ་ཚོགས་པ་དེའི་སྲིད་འཛིན་འོས་མི་སྐུ་ཞབས་ལའེ་ཆི་དཱེ་སྲིད་འཛིན་ལ་འོས་འདེམས་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ཁོང་ནི་ཁ་བྲལ་བ་ཞིག་ལ་ངོས་འཛིན་གྱིས་ཐེ་ཝན་གཞུང་དམངས་གཉིས་ཀྱི་ཐོག་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་བ་རེད། དེ་ཡང་ཉེ་ཆར་ཐེ་ཝན་རང་བཙན་གྱི་ལྟ་བ་མཁྲེགས་འཛིན་ཅན་ལ་ཁྲིམས་ཆད་བྱེད་རྒྱུ་ཟེར་བའི་ཡིག་ཆ་ཞིག་གསལ་བསྒྲགས་བྱས་ཡོད་པས་ཐེ་ཝན་གྱི་སྲིད་འཛིན་ལའེ་ཆིང་དཱ་དབུས་པའི་གཞུང འཛིན་མི་སྣ་ཚོས་རྒྱ་ནག་གཞུང་གི་གསལ་བསྒྲགས་དེར་སྐྱོན་བརྗོད་དང་པེ་ཅིང་གཞུང་ལ་ཐེ་ཝན་གྱི་སྤྱི་འབངས་ཐོག་ཁྲིམས་ཆད་བྱེད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་ཅེས་གསུངས་ཡོད་པ་དང་། འདི་ག་ཨ་རིའི་རླུང་འཕྲིན་ཁང་གིས་ཨ་རིའི་ནང་བཅའ་སྡོད་ཐེ་ཝན་གྱི་མཐོ་རིམ་སྐུ་ཚབ་ཞཱུ་ཏཱ་ལི་ལ་ཐེ་ཝན་གྱི་སྲིད་འཛིན་གསར་པའི་ཕྱི་འབྲེལ་སྲིད་ཇུས་སྐོར་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་གྱི་གནས་སྟངས། དེ་བཞིན་ཉེ་ཆར་རྒྱ་ནག་གཞུང་གིས་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་གྱི་ལྟ་བ་མཁྲེགས་འཛིན་ཅན་ཚོར་ཁྲིམས་ཆད་བྱེད་རྒྱུ་ཟེར་བའི་ཁྲིམས་གཞི་གསར་པ་ཞིག་གསལ་བསྒྲགས་བྱས་ཡོད་པ་སོགས་ཀྱི་སྐོར་ལ་བཅའ་འདྲི་བྱས་པའི་སྐབས་སུ་སྐུ་ཚབ་ཞཱུ་ཏཱ་ལི་ཡིས་ཕྱི་ཟླ་་༥པའི་ཚེས་༢༠ཉིན་མོར་སྲིད་འཛིན་ལའེ་ཆིང་དཱ་ནས་སྲིད་འཛིན་དམ་འབུལ་ཞུས་པ་ནས་བཟུང་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཐེ་ཝན་ཐོག་ལ་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་། དེ་ཡང་ཐེ་ཝན་མཚོ་གླིང་ཁུལ་དུ་དྲག་པོའི་དམག་སྦྱོང་དང་དམག་གི་གནམ་གྲུ་དང་གྲུ་གཟིངས་ཀྱི་སྐོར་གཡེང་གཞི་རྒྱ་ཆེ་རུ་གཏོང་གི་ཡོད་པ་མ་ཟད། ཉེ་ཆར་ཁྲིམས་ཐོག་ནས་ཐེ་ཝན་མི་མང་ལ་སྡིག་སྐུལ་བྱེད་ཀྱི་ཡོད་པ་ནི་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་བར་ཁྲིམས་ཆད་བྱེད་རྒྱུ་ཟེར་བའི་པེ་ཅིང་གཞུང་གི་ཁྲིམས་གཞི་གསར་པ་ཞིག་གསལ་བསྒྲགས་བྱས་སྟེ་ཐེ་ཝན་རང་བཙན་ལ་རྒྱབ་སྐྱོར་གྱི་ལྟ་བ་མཁྲེགས་འཛིན་ཅན་ཚོར་ཁྲིམས་ཆད་དང་ཉེས་པ་ལྗིད་ཤོས་སུ་སྲོག་ཐོག་གི་ཁྲིམས་ཆད་བྱེད་རྒྱུ་ཟེར་བ། ཡང་མཚོ་ཐོག་ལ་དམ འཛིན་གྱི་ཁྲིམས་གཞི་ཟེར་བ་ཞིག་གསལ་བསྒྲགས་ཀྱིས་ལྷོ་དང་ཤར་རྒྱ་ནག་རྒྱ་མཚོའི་ཐོག་ལ་རྒྱ་ནག་གི་དབང་འོག་མཚོ་ཐོག་ཏུ་ཁྲིམས་འགལ་བྱེད་མཁན་ཚོ་གང་བྱུང་འཛིན་བཟུང་བྱེད་རྒྱུ་ཟེར་བ་སོགས་ཁྱབ་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་གི་ཁྲིམས་འཆར་དེ་ཚོར་ཐེ་ཝན་གྱིས་ཁས་ལེན་བྱ་ཐབས་མེད་ཅེས་ལན་འདེབས་གནང་ཡོད་པ་རེད།

གསར་འགོད་པ། པ་སངས་དབྱངས་སྐྱིད།

ཞུ་དག་པ། རྩོམ་སྒྲིག་འགན་འཛིན་རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG