ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་གཞུང་གིས་བོད་ཀྱི་སྲོལ་རྒྱུན་གླུ་གཞས་འགྲན་སྡུར་ཐད་གཏོང་བཀག་སྡོམ།


༄༅།། བོད་ནང་གི་ས་ཁུལ་ཡོངས་སུ་ལོ་ལྟར་སྒྲ་སྙན་རྡུང་ལེན་འགྲན་སྡུར་དང་སྲོལ་རྒྱུན་གྱི་གླུ། ལ་གཞས་འགྲན་སྡུར་སོགས་རླུང་འཕྲིན་དང་བརྙན་འཕྲིན་ཁང་། ཚོང་རྟགས་ཅན་གྱི་ཁེ་ལས་བ་ཚོའི་རྒྱབ་སྐྱོར་འོག་ས་ཁུལ་སོ་སོར་མིང་ཐོ་བསྡུ་རུབ་དང་སྔོན་འགྲོའི་འགྲན་སྡུར་སོགས་རིམ་བཞིན་ཚུགས་ཏེ་དངོས་གཞིའི་འགྲན་སྡུར་དེ་ཉིད་ཞིང་ཆེན་གྱི་ཟློ་གར་ཁང་ཆེ་སར་བརྙན་འཕྲིན་ནང་དུ་རྒྱང་སྲིང་བྱེད་བཞིན་ཡོད་ཅིང་། དེང་སྐབས་རྒྱ་ནག་ལ་ཆེས་དར་ཁྱབ་ཆེ་བའི་རྒྱ་སྐད་དུ་ཁུའེ་ཧྲུག་གམ། བོད་སྐད་ལ་མགྱོགས་འཕྲིན་ཞེས་འབོད་པའི་འཕྲིན་སྟེགས་སུ་ཐད་གཏོང་བྱས་ནས་མང་ཚོགས་ཀྱིས་ཁ་པར་བརྒྱུད་ནས་ལྟད་མོར་བལྟ་ཐུབ་པའི་ཧ་ཅང་གི་སྟབས་བདེ་ཞིག་ཡིན་འདུག

ད་ལྟ་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་ནང་གི་བོད་པ་ཞིག་གིས་བརྗོད་ན་ལྟར་ན། མགྱོགས་འཕྲིན་དྲྭ་ལམ་བརྒྱུད་ནས་ང་ཚོ་བོད་རང་གི་སྲོལ་རྒྱུན་གྱི་གླུ་དང་རྡུང་ལེན། རི་གླུ་སོགས་ལེན་མཁན་གླུ་བ་གླུ་མ་མང་པོ་ཞིག་དྲྭ་བའི་འཕྲིན་སྟེགས་འདི་བརྒྱུད་ནས་འགྲན་སྡུར་ལ་མཉམ་ཞུགས་བྱེད་ཐུབ་པ་དང་སྐད་ངག་གི་སྒྱུ་རྕལ་ལ་མཉམ་དུ་རོལ་བ། འགྲན་སྡུར་དུས་སུ་རྒྱལ་ཁ་འཐོབ་ན་བྱ་དགར་རྒྱ་སྒོར་སྟོང་ནས་ཁྲི་བར་དུ་སྟེར་གྱི་ཡོད་པ་རེད། དམིགས་བསལ་དཔྱད་འདེམས་དགེ་རྒན་རྣམས་དུས་རབས་༢༠་པའི་ནང་བོད་ཀྱི་སྤྱི་ཚོགས་སུ་གླུ་གཞས་ཀྱི་གར་སྟེགས་སུ་མང་ཚོགས་ཀྱིས་དགའ་བསུ་ཐོབ་མཁན་ཚོ་ཡིན་ཞིང་། དཔྱད་འདེམས་དགེ་རྒན་ཚོས་རང་རང་གི་བསམ་ཚུལ་དང་འགྲན་ཞུགས་པ་ཚོར་སྒྱུ་རྩལ་ཐོག་ཏུ་ལམ་སྟོན་བྱེད་ཀྱི་ཡོད་པར་མ་ཟད། དྲྭ་ལམ་དུ་ཐད་གཏོང་བྱས་ནས་མི་གྲངས་ཁྲི་ཁ་ཤས་ཀྱིས་བལྟ་ཐུབ། བོད་པ་ཁེ་ལས་བ་ཚོས་དེའི་ཞོར་དུ་རང་རང་གི་ཚོང་རྫས་རྣམས་ཁྱབ་བསྒྲགས་བྱེད་ཐུབ་པ་བཅས་ཀྱི་ཕན་ཐོགས་ཆེན་པོ་འདུག་ཅེས་བཤད།།

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། བོད་པ་ཚོ་ཡང་མི་རིགས་གཞན་རྣམས་ཞུགས་བཞིན་པའི་ལམ་འདིར་ཞུགས་ཀྱི་ཡོད་པ་རེད། དྲྭ་ལམ་གྱི་ཐད་གཏོང་སྐབས་སུ་འགྲན་ཞུགས་པ་ཚང་མའི་བོད་རང་གི་ཆས་གོས་གྱོན་དགོས། གླུ་ལེན་པ་དང་ལ་གཞས་ལེན་པའི་སྐབས་སུ་ལག་ཏུ་ཁ་བཏགས་བཟུང་ནས་གནའ་བོའི་སྲོལ་རྒྱུན་ལྟར་གླུ་ཚིག་ཡག་པོ་ལེན་དགོས་པ་དང་སྒྲ་སྙན་རྡུང་ལེན་མཁན་ཚོས་ཀྱང་བོད་རང་གི་ཐུན་མོང་རིགས་གནས་ཀྱི་གླུ་ཚིག་ལེན་པ། ཕན་ཚུན་གུས་ཞབས་ལྡན་པའི་ངང་འགྲན་སྡུར་ལ་ཞུགས་གི་ཡོད་པ་རེད། ད་ལྟ་མགྱོགས་འཕྲིན་ནང་དུ་ཐད་གཏོང་བྱེད་ཆོག་གི་མེད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG