ཕྱི་ཟླ་༥་ཚེས་༢༧་ཉིན་ཏེ། ས་ག་ཟླ་བའི་ཚེས་༦་གི་ཉིན་གུང་ཙམ་ལ་བོད་ཀྱི་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཉེ་འཁོར་དུ་ཡོད་པའི་འབོ་ར་ས་གནས་ཀྱི་ན་གཞོན་རྡོ་རྗེ་ཚེ་བརྟན་དང་། མདོ་སྨད་རྔ་བའི་དར་རྒྱས་ཞེས་པ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་བྱས་ཀྱང་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པ་ཚོས་འཕྲལ་དུ་མེ་བསད་ནས་ཤི་མ་གསོན་དུ་གྱུར་པའི་བོད་པ་ན་གཞོན་དེ་དག་བཙན་ཁྲིད་བྱས་པ་མ་ཟད། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་དང་བོད་ནས་ཐད་ཀར་ཨ་རིའི་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་པ་ལྟར་ན། ད་ལྟ་སྐྱེས་ཡུལ་འབོ་ར་ནས་ཡིན་པའི་རྡོ་རྗེ་ཚེ་བརྟན་འདས་གྲོངས་གྱུར་འདུག་པ་ངེས་གཏན་བྱས་ཐུབ་མོད། འོན་ཀྱང་སྐྱེས་ཡུལ་རྔ་བ་ནས་ཡིན་པའི་དར་རྒྱས་རྒྱ་གཞུང་གི་ཉེན་རྟོག་པས་སྨན་ཁང་ཞིག་ལ་འཁྱེར་ནས་གནས་སྟངས་ཅི་ཡིན་ཞིབ་ཕྲ་ཞིག་ཤེས་རྟོགས་མི་ཐུབ་ཅིང་། བོད་པའི་ན་གཞོན་འདི་གཉིས་ཀྱིས་ལྷ་སའི་ཁྲོམ་གཟིགས་སྒང་གི་ཉི་མའི་གླིང་ཟ་ཁང་ལ་མཉམ་དུ་ལས་ཀ་བྱས་ཏེ། ཁོང་གཉིས་ནམ་རྒྱུན་གྱི་འཚོ་བའི་ནང་གི་བློས་ཐུབ་ཀྱི་གྲོགས་པོ་ཡང་ཡིན་འདུག ད་ལྟ་རྡོ་རྗེ་ཚེ་བརྟན་གྱི་ཕ་ཡུལ་འབོ་རའི་ཡུལ་ཚོ་རྣམས་དང་དགོན་པའི་གྲྭ་དམངས་འདས་པོ་དེའི་ཁྱིམ་ལ་ཕེབས་ཏེ་ཤུལ་ལུས་ཕ་མ་སྤུན་མཆེད་སོགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་མེ་འབུལ་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་པ་དང་། རྩ་བའི་རྒྱ་ནག་གཞུང་གིས་ས་ག་ཟླ་བའི་དུས་སྐབས་འདིར་བོད་ཀྱི་རྒྱལ་ས་ལྷ་སར་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་ཀྱང་བོད་པ་ན་གཞོན་གཉིས་ཀྱིས་རྒྱལ་ས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་རང་ལུས་མེར་སྲེག་བཏང་བའི་རྒྱུ་རྐྱེན་དང་དེའི་མཚོན་དོན་སོགས་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་བསྒྲིགས་བྱས་པའི་གནས་ཚུལ་ཞིབ་ཕྲ་ཞིག་གསན་རོགས་གནང་།