ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་འཁོར་འདིར་བོད་པ་༣༥༢་ལ་ནད་དུག་འགོས་པ།


༄༅།། ཕྱི་ཟླ་༤་པའི་ཚེས་༢༩་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་ལྷན་ཚོགས་ཐོག་ཏུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བདུན་ཕྲག་རེར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་མང་དུ་འགྲོ་བཞིན་འདུག གཟའ་འཁོར་འདིར་ནད་པ་གསར་པ་༣༥༢་བྱུང་བའི་ཐོ་འགོད་བྱས་བྱུང་ཞེས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་གསལ་བསྒྲགས་སྤེལ་སོང་།།

འདི་གའི་གསར་འགོད་པས་ད་ནངས་སྔ་དྲོར་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལ་ཞལ་པར་བརྒྱུད་ནས་རྒྱ་གར་གྱི་ས་གནས་ཁག་ཏུ་གནས་འཁོད་བོད་པའི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་གནས་སྟངས་འདྲི་རྩད་ཞུས། ཁོང་གིས་བོད་པ་གནས་སྡོད་བྱ་ཡུལ་ས་ཁུལ་ཚང་མར་ནད་པ་མང་ཉུང་ལ་མ་ལྟོས་པར་ནད་པ་འཐོན་གྱི་མེད་པའི་ས་ཆ་དཀོན་པོ་རེད། ས་གནས་ཁག་ཅིག་ལ་སྨན་བཅོས་བྱེད་བཞིན་པའི་ནད་པ་༢༠༠་ལྷག་བྱུང་འདུག སྔོན་མའི་ཛ་དྲག་ལས་དོན་ཚོགས་ཆུང་དང་བོད་ཀྱི་གསོ་བ་རིག་པའི་ཞབས་འདེགས་རྣམས་མུ་མཐུད་དུ་སྒྲུབ་བཞིན་ཡོད། དེའི་མཉམ་དུ་ཛ་དྲག་ཆེ་ས་ཁག་ཏུ་ནད་པ་ཚོར་ལྟ་རྟོག་བྱ་རྒྱུ་འཐུས་ཤོར་མི་འབྱུང་བའི་ཆེད་དུ་ས་ཁུལ་ཁག་ལ་འབྲེལ་མཐུད་པ་བསྐོ་བཞག་བྱེད་བཞིན་ཡོད་ཅེས་བཀྲལ།།

བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཏུའང་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པས་དེ་རིང་བཀའ་དྲུང་ཡིག་ཚང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཡོད་དོ་ཅོག་གི་སྲི་ཞུ་བ་ཚོ་རང་ཁྱིམ་དུ་བསྡད་ནས་ལས་དོན་བསྒྲུབ་ཆོག་ཅེས་བཀོད་ཁྱབ་བཏང་འདུག འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས་འཕྲོད་བསྟེན་ལྷན་ཁང་གི་ལས་བྱེད་པ་ཡོངས་རྫོགས་སྲིད་སྐྱོང་དང་འབྲེལ་ཡོད་ལས་སྣེ་ཚོའི་མཉམ་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཚོགས་འདུ་གྲོལ་ཟིན་ཙམ་ཡིན་ཞེས་བཤད་ཡོད་ཅིང་། ཛ་དྲག་གི་ཚོགས་འདུའི་ཐོག་ཏུ་ཐག་གཅོད་གཙོ་བོ་ཅི་ཞིག་བྱས་ཡོད་མེད་དྲིས་པར་འཕྲོད་བསྟེན་དྲུང་ཆེས་བོད་པའི་སྤྱི་ཚོགས་སུ་མི་མང་པོ་ཞིག་གིས་རང་གི་གྲོགས་པོ་དང་སྤུན་ཉེ་སོགས་ལ་ཏོག་དབྱིབས་ནད་དུག་འགོས་པའི་ཛ་དྲག་བྱུང་མེད་པ་མཐོང་དུས་ལྷོད་ཡངས་དང་འཐུས་ཤོར་ཤུགས་ཆེན་པོ་ཞིག་འགྲོ་ཉེན་ཆེ། ཚན་རིག་པ་ཚོས་ནད་རྟགས་སྡུག་པོ་ཐོན་མེད་ཀྱང་གློ་བ་སོགས་ལ་གནོད་འཚེ་ཕོག་ཡོད་པ་བརྟག་དཔྱད་བྱུང་ཚེ། མི་ཚོས་ཡིད་གཟབ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་པའི་ནན་བརྗོད་བྱེད་ཀྱི་ཡོད་པ་ལྟར་གཟབ་ནན་བྱ་དགོས་པའི་ནན་སྐུལ་ཞུས་སོང་།།

དེ་རིང་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པའི་སྐབས་སུ་ནད་དུག་འགོས་ཡོད་ཀྱང་བརྟག་དཔྱད་སྐབས་སུ་ནད་རྟགས་མ་ཐོན་པ་མི་ཉུང་བ་ཞིག་ཡོད་པས་ཚང་མས་རང་གི་ས་གནས་ནས་ཕར་ཚུར་འགྲོ་འོང་བྱ་རྒྱུ་མཚམས་འཇོག་དགོས་པའི་ལམ་སྟོན་བྱས་ཡོད་པར་མ་ཟད། རྒྱ་གར་རྒྱལ་ཡོངས་སུ་རང་ལོ་༡༨་ཡན་ཆད་ཀྱི་མི་ཚང་མར་ཕྱི་ཟླ་༥་པའི་ཚེས་༡་ནས་སྨན་ཁབ་རྒྱག་རྒྱུར་ཐོ་འགོད་བྱེད་ཆོག་གི་ཡོད་པས་སྨན་ཁབ་རག་མིན་ཏག་ཏག་ཅིག་བརྗོད་དཀའ། ཡིན་ནའང་ཚང་མས་ཐོ་འགོད་བྱས་ནས་སྨན་ཁབ་རག་པའི་དུས་སུ་འཕྲལ་དུ་སྨན་ཁབ་རྒྱག་དགོས་ཞེས་འབོད་སྐུལ་ཞུས་སོང་། ད་ལྟའི་བར་དུ་འཕྲོད་བསྟེན་ལས་ཁུངས་སུ་ཐོ་འགོད་བྱུང་བར་གཞིགས་ཚེ། བོད་མི་༢༤༥༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡༧༢༠་དྲག་སྐྱེད་བྱུང་བ། མི་༥༣་ལ་འཆི་སྐྱོན་དང་སྨན་བཅོས་བྱེད་བཞིན་པ་༦༧༧་ཡོད་བཅས་གསལ་བསྒྲགས་སྤེལ་ཡོད་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG