ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་དུ་ཉིན་ཞག་གཅིག་གི་རིང་དུ་ནད་དུག་འགོས་པ་མང་ཤོས་སུ་གྱུར་པ།


༄༅།། རེས་གཟའ་ཕུར་བུའི་ཉིན་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་གྲངས་འབོར་ས་ཡ་བཅོ་བརྒྱད་ཟིན་ཡང་རྒྱ་གར་གཞུང་གིས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུའི་ལས་འཆར་ལ་དཀའ་ངལ་འཕྲད་ཡོད་པ་ངོས་ལེན་བྱེད་ཀྱི་མེད་ཅིང་། མཉམ་འབྲེལ་གསར་ཁང་གིས་རེས་གཟའ་ཕུར་བུའི་ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་གར་ལ་ཏོག་དབྱིབས་ནད་དུག་གསར་དུ་འགོ་མཁན་འབུམ་བཞི་ཙམ་བྱུང་འདུག་པ་ནི་འཛམ་གླིང་འདིར་ཉིན་གཅིག་ལ་ནད་དུག་འགོ་མཁན་གྱི་གྲངས་འབོར་ཆེས་མང་ཤོས་སུ་གྱུར་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་གར་ལ་ཏོག་དབྱིབས་ནད་ཡམས་ཐེངས་གཉིས་པ་དེ་ཁྱབ་གདལ་ཚབས་ཆེན་ཞིག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་གར་གཞུང་གིས་མང་ཚོགས་ལ་སྔོན་འགོག་སྨན་ཁབ་རྒྱག་རྒྱུའི་ལས་འཆར་ཚགས་ཚུད་ཅིག་སྒྲུབ་ཐུབ་མེད་པ་དེ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་རྒྱ་གར་གཞུང་གིས་དེར་ངོས་ལེན་བྱེད་ཀྱི་མེད་པ་རེད། འོན་ཀྱང་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གཞུང་གིས་སྔོན་འགོག་སྨན་ཁབ་རྒྱག་རྒྱུར་ཐོ་འགོད་ཀྱི་ལས་གཞི་འགོ་འཛུགས་ཀྱིས་རེས་གཟའ་སྤེན་པ་ནས་ལོ་ན་༡༨་ལ་སོན་པ་ཚང་མས་སྨན་ཁབ་རྒྱག་རྒྱུར་ཐོ་འགོད་བྱེད་ཆོག་པའི་གསལ་བསྒྲགས་སྤེལ། ཆེད་ལས་མཁས་པ་ཚོས་རྒྱ་གར་ལ་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ངལ་ཡོད་པ་སེལ་ཐབས་ཀྱི་ཐབས་ལམ་ཡག་ཤོས་ནི་མི་མང་གང་མང་མང་ཞིག་ལ་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་དེ་རེད་ཅེས་བཀྲལ།

རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་ལྷག་ཡོད་པ་དེ་དག་ལ་སྔོན་འགོག་སྨན་ཁབ་ལྡེང་ངེས་ཡོད་མེད་དཀའ་ངལ་ཆེ་ཤོས་དེ་ཡིན་ཞིང་། དེའི་གོང་དུ་ཐོ་འགོད་བྱེད་མཁན་མང་པོར་སྨན་ཁབ་རག་གི་མེད་པ་དང་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གཞུང་གིས་མི་ས་ཡ་༨་ཙམ་གྱིས་ཐོ་འགོད་བྱས་ཟིན་འདུག་ཅེས་བསྒྲགས། དེ་དག་གི་ཁོངས་ནས་མི་ཅི་ཙམ་ལ་སྔོན་འགོག་སྨན་ཁབ་ཐོབ་ཡོད་མེད་གསལ་པོ་མེད་པ་དང་ཕྱི་ཟླ་དང་པོའི་ནང་དུ་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་འགོ་ཚུགས་ནས་བཟུང་། ད་ལྟའི་བར་དུ་རྒྱ་གར་གྱི་མི་འབོར་བརྒྱ་ཆ་༩་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ། དེ་དག་གི་ཁོངས་ནས་མང་ཆེ་བ་ནི་འཕྲོད་བསྟེན་ལས་རིགས་ཀྱི་ཆེད་ལས་པ་རྣམས་ཡིན་འདུག

རྒྱ་གར་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཟོ་འདོན་བྱེད་མཁན་བཟོ་གྲྭ་ཆེ་ཤོས་ཡོད་ཀྱང་སྨན་རྒྱུ་ལྡེང་ངེས་མེད་པ་དེས་སྨན་ཁབ་གསར་པ་བཟོ་འདོན་ལ་དཀའ་ངལ་འཕྲད། ཨ་རི་དང་དབྱིན་ཡུལ་བཅས་ཀྱིས་སྨན་བཅོས་ཀྱི་ཡོ་བྱད་རྒྱ་གར་ལ་བཏང་ཟིན་པར་མ་ཟད། རྒྱལ་ཁབ་མང་པོས་རྒྱ་གར་ལ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་ཐོབ། དེའི་བར་ན་ཨ་རིའི་གཞུང་གིས་རྒྱ་གར་དུ་ཡོད་པའི་ཨ་རིའི་སྤྱི་དམངས་རྣམས་རྒྱ་གར་ནས་ཕྱི་ལ་འཐོན་དགོས་པའི་ལམ་སྟོན་བྱས་འདུག ཨ་རིའི་གཞུང་ཚབ་ཁང་གིས་དྲྭ་རྒྱའི་ནང་དུ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་ཤུགས་ཆེར་འགྲོ་བཞིན་པ་དེས་སྨན་བཅོས་ཀྱི་མཐུན་རྐྱེན་འཛོམ་དཀའ་ཞེས་ཉེན་བརྡ་བཏང་འདུག

རྒྱ་གར་གྱི་ཉིན་རེའི་བང་ཆེན་ཚགས་པར་ལ་གནས་ཚུལ་བཀོད་པར་གཞིགས་ན། རྒྱ་གར་རྒྱལ་ཡོངས་སུ་གྲོང་དང་གྲོང་ཁྱེར་གང་སར་དུར་ས་ཀུན་ཏུ་འདས་པོ་ཚོར་མྱ་ངན་བྱེད་མཁན་དང་ཕུང་པོ་མེར་སྲེག་གཏོང་རྒྱུར་རུ་བསྒྲིགས་ཡོད་པ་མཐོང་རྒྱུ་ཡོད་ཅིང་། ཉིན་ལྟར་འདས་གྲོངས་སུ་གྱུར་པའི་གྲངས་འབོར་འཕར་གྱི་འདུག་ཅེས་བཀོད། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དང་གཞུང་འབྲེལ་གྱི་གཞི་གྲངས་སུ་བཀོད་པའི་གྲངས་འབོར་གཉིས་ལ་ཁྱད་པར་ཆེན་པོ་ཡོད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།།

རྒྱ་གར་ཛ་དྲག་གི་གནས་སྟངས་སུ་ལྷུང་ཡོད་པར་ལྟོས་མེད་ཀྱིས་མི་མང་ས་ཡ་༨་ཙམ་གྱིས་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུར་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། རྒྱ་གར་གྱི་སྤྱི་ཁྱབ་འོས་བསྡུ་ལས་ཁང་གིས་སྤྱི་ཚོགས་རྒྱང་བཀྱེད་བྱེད་དགོས་པའི་ལམ་སྟོན་བྱེད་ཀྱི་ཡོད་ཀྱང་སྲིད་བློན་མོ་དྷི་དང་གཞུང་འཛིན་བྷི་ཇེ་པི་ཚོགས་པ་སོགས་ཀྱིས་འདས་པའི་གཟའ་འཁོར་འགའ་ཞིག་ནང་དུ་མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ཡོད་པར་སྐྱོན་བརྗོད་ཤུགས་ཆེན་ཕོག རྒྱ་གར་གྱི་འཕྲོད་བསྟེན་ལས་སྣེ་ཚོས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འཕྲད་ཀྱི་ཡོད་པའི་འབྱུང་ཁུངས་ནི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ནས་མི་མང་འདུ་འཛོམ་ཆེན་པོ་བྱས་པ་དང་ཆོས་ལུགས་ཀྱི་འདུ་འཛོམ་ཆེན་པོ་བྱུང་བ་བཅས་ཀྱིས་རེད་ཅེས་ཅེས་སྐྱོན་བརྗོད་བྱས་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG