ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཐེ་ཝན་ལ་བཙན་འཛུལ་བྱུང་ན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལང་ཉེན། 


༄༅།། རྒྱ་ནག་གིས་ཨུ་རུ་སུར་མིག་དཔེ་བལྟས་ནས་ཐེ་ཝན་ལ་བཙན་འཛུལ་བྱུང་ན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལང་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ༡༩༩༡་ལོར་གྲང་དམག་མཇུག་སྒྲིལ་བའི་རྗེས་སུ་བྱུང་མྱོང་མེད་པའི་ཛ་དྲག་གི་དམག་འཁྲུག་ཅིག་ཏུ་འགྱུར་སྲིད་ཅེས་དམག་དོན་ཉམས་ཞིབ་པ་ཚོས་ཉེན་བརྡ་བཏང་འདུག ཕྱི་ཟླ་༦་པའི་ཚེས་༦་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མེ་ཁལ་གྷེ་རིན་གྱིས་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལང་སྲིད་པའི་ཉེན་བརྡ་བཏང་བ་དེར་སྒྲུབ་བྱེད་གཉིས་བཀོད། ཁོང་གིས་ཐོག་མ་དེར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་ནས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཚེ། ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ལྟར་མིན་པར་ཨ་མི་རི་ཀས་ཐེ་ཝན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་བསྒྲགས། གཉིས་པ་དེར་རྒྱ་ནག་གིས་སྔོན་ལ་རྡུལ་ཕྲན་མཚོན་ཆ་འཕེན་སྲིད། རྒྱ་ནག་གིས་ཐེ་ཝན་ལ་ཕྱི་ནས་དམག་རོགས་མ་འབྱོར་གོང་དུ་རྡུལ་ཕྲན་མཚོན་ཆ་འཕེན་དགོས་ངེས་ཤིག་ཏུ་འགྱུར་ཤས་ཆེ། ཡིན་ནའང་རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་འཕངས་པའི་རྗེས་སུ་ཨ་རིས་ཀྱང་རྡུལ་ཕྲན་མཚོན་ཆས་རྒོལ་ལན་སློག་སྟེ་འཛམ་གླིང་འདིར་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཅིག་ལང་རྒྱུའི་ཉེན་ཁ་ཆེ་ཞེས་རྩོམ་ཡིག་སྤེལ། ཉམས་ཞིབ་པ་མེ་ཁལ་གྷེ་རིན་གྱིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ལྟར་ཞིས་ཅིན་ཕིང་གིས་ཀྱང་ཐེ་ཝན་ལ་བཙན་འཛུལ་བྱེད་མི་སྲིད་པ་ཞིག་མིན། ང་ཚོར་སྲིད་དབང་སྒེར་གཅོད་པ་རྣམས་ཀྱི་སྤྱོད་པ་དེ་དག་ངོ་འཕྲོད་པ་རེད། ད་ལོའི་ཕྱི་ཟླ་༥་པར་དམག་སྦྱོང་བྱས་ནས་ཚོད་ལྟ་བྱས་པར་གཞིགས་ན་༢༠༢༧་ལོར་རྒྱ་ནག་གི་རྡུལ་ཕྲན་མཚོན་ཆ་མང་དུ་བཏང་སྟེ་ཐེ་ཝན་ལ་བཙན་འཛུལ་བྱེད་པའི་ནུས་པ་ལྡན་མོད། འོན་ཀྱང་རྒྱ་ནག་ལ་བདེ་བླག་ཏུ་རྒྱལ་ཁ་འཐོབ་ཐུབ་རྒྱུ་ནི་འཁྲུལ་སྣང་རེད་ཅེས་བསྟན།།

རྒྱ་ནག་གི་དམག་སྦྱོང་།
རྒྱ་ནག་གི་དམག་སྦྱོང་།

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་མ་བྱས་གོང་དེར་ཞི་བདེ་རྒྱ་མཚོའི་ཤར་ཕྱོགས་ཀྱི་ཨ་རི་དམག་སྒར་ཁག་དང་ཉི་ཧོང་གི་དམག་སྒར་ཁག་ལ་གཏོར་རྒོལ་བྱ་དགོས། དེ་ནས་ཐེ་ཝན་ལ་དཔུང་འཇུག་བྱས་ཏེ་མཚོ་འགྲམ་དུ་འབབ་ཐུབ་པ་ཞིག་བྱ་དགོས། ཐེ་ཝན་གྱིས་འགོག་རྒོལ་དྲག་པོ་དང་མཚོ་གླིང་དེའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་མེད་པར་གཏོང་བར་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཤར་ཕྱོགས་སུ་རྡུལ་ཕྲན་མཚོན་ཆ་འཕེན་དགོས་པ་ཞིག་ཏུ་འགྱུར་སྲིད། རྒྱ་ནག་གི་འཐབ་ཇུས་ནི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་དེ་མིན་པར་ཨ་རི་དང་ཉི་ཧོང་སོགས་ལ་དམག་འཁྲུག་གི་མཇུག་འབྲས་ནི་ཕྱོགས་ཚང་མར་དགེ་མཚན་མེད་པ་ངོ་འཕྲོད་དུ་འཇུག་ཐབས་ཤིག་རེད། ངས་བལྟས་ན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལང་ཐུབ་རྒྱུའི་ཉེན་ཁ་དེ་ཙམ་མེད་ཀྱང་རྒྱ་ནག་གིས་དམག་འཁྲུག་ལ་གྲ་སྒྲིག་ཆ་ཚང་བྱེད་ཀྱི་ཡོད་པར་དོ་སྣང་བྱ་དགོས་ཞེས་རྩོམ་ཡིག་སྤེལ། ཕྱི་ཟླ་༦་པའི་ཚེས་༥་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་ཨ་རི་དང་ཉི་ཧོང་སོགས་ཀྱིས་ཐེ་ཝན་ལ་བཙན་འཛུལ་འབྱུང་རྒྱུ་འགོག་ཐབས་བྱ་དགོས། ཉི་ཧོང་དང་ཨ་རི། ཐེ་ཝན་གསུམ་གྱི་འབྲེལ་བའམ། ཡང་ན་ཉི་ཧོང་དང་ཨ་རི། ཨོ་གླིང་རྒྱལ་ཁབ་དང་རྒྱ་གར་བཅས་བཞི་འབྲེལ་རྒྱལ་ཁབ་ཀྱི་བདེ་འཇགས་གྲོས་མོལ་སོགས་ཅི་ཞིག་ཡིན་རུང་ལྟ་གྲུབ་མཐུན་པའི་དམངས་གཙོའི་རྒྱལ་ཁབ་ཁག་གི་འབྲེལ་བ་སྲ་བརྟན་གཏོང་དགོས། རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཧམ་སེམས་འདོན་དུ་འཇུག་དགོས། ང་ཚོའི་མངའ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་སྲུང་སྐྱོབ་དང་རྒྱ་ནག་གི་བཙན་འཛུལ་འགོག་ཐུབ་པའི་སྟོབས་ཤུགས་ཆེ་རུ་བཏང་སྟེ་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་སྟོན་དགོས་ཞེས་གཏམ་བཤད་བྱས་འདུག

སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་ཉི་ཧོང་དང་ཨ་མི་རི་ཀ་གཙོ་བོར་གྱུར་པའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྲུང་སྐྱོབ་ཀྱི་ནུས་པ་ཡར་རྒྱས་གཏོང་རྒྱུ་གནད་འགག་ཆེ། ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུའི་དམིགས་ཡུལ་འཆང་ཡོད་པར་སྣང་ཆུང་གཏོང་མི་ཉན། ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཉི་ཧོང་ལ་བཙན་འཛུལ་བྱུང་བ་དང་ཁྱད་པར་མེད། ཉི་ཧོང་གིས་ཉུང་མཐར་ཡང་སྲུང་སྐྱོབ་འགྲོ་གྲོན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་འབབ་ཀྱི་བརྒྱ་ཆ་གཉིས་གཏོང་དགོས། མཐུན་གྲོགས་རྒྱལ་ཁབ་ཚང་མས་རང་གི་དཔལ་འབྱོར་ཡོང་འབབ་ལ་གཞིགས་ནས་དམག་དོན་འགྲོ་གྲོན་གཏོང་རྒྱུ་དགོས་ངེས་ཤིག་ཏུ་གྱུར་འདུག རང་གི་རྒྱལ་ཁབ་ལ་སྲུང་སྐྱོབ་བྱེད་འདོད་མེད་པའི་རྒྱལ་ཁབ་གཅིག་ལ་རྒྱལ་ཁབ་གཞན་པའི་སྤྱི་དམངས་ཀྱིས་ཚེ་སྲོག་འབེན་ལ་བཙུགས་ནས་སྲུང་སྐྱོབ་བྱེད་མི་སྲིད། མ་འོངས་པར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་ཡིན་པས་ཉི་ཧོང་གིས་རང་གི་ལག་བསྟར་འཆར་གཞི་རྣམས་གསལ་བཀྲོལ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཕྱི་ཟླ་༦་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ལོ་རེའི་དཔལ་འབྱོར་སྲིད་ཇུས་ཀྱི་ཡིག་ཆའི་ནང་དུ་ཐེ་ཝན་ལ་བཙན་འཛུལ་གྱི་ཉེན་ཁ་འབྱུང་གི་ཡོད་པར་བློ་འཚབ་ཡོད། མ་འོངས་པའི་ལོ་ལྔའི་ནང་ཚུད་དུ་ཉི་ཧོང་གིས་རྒྱལ་སྲུང་འགྲོ་གྲོན་ཤུགས་ཆེན་པོ་ཞིག་སྤར་འཆར་ཡོད་ཅེས་དུས་ཚོད་ངེས་གཏན་གྱི་གསལ་བསྒྲགས་ཐེངས་དང་པོ་སྤེལ། ཉི་ཧོང་དང་ཨ་མི་རི་ཀ་གཉིས་ཀས་ཐེ་ཝན་མཚོ་འགག་ལ་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་གནད་འགག་ཆེན་པོ་ཡིན། མཚོ་འགག་ཕྱོགས་གཉིས་ཀྱི་རྩོད་གཞི་ཐམས་ཅད་ཞི་བའི་སྒོ་ནས་ཐག་གཅོད་བྱ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་ཅེས་བཀོད།།

ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་སྲིད་བློན་ཀི་ཤི་དྷས་འགོ་ཁྲིད་ཀྱི་ཐུགས་འགན་བཞེས། ཁོང་གིས་དམག་དོན་འགྲོ་གྲོན་མང་དུ་གཏོང་དགོས་པའི་འཆར་འགོད་བྱེད་ཀྱི་ཡོད་པས་ཉི་ཧོང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པ་སྔར་ལས་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཉེ་ཆར་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་དམག་བཏང་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་བཟུང་། ཉི་ཧོང་གི་དཔལ་འབྱོར་སྲིད་ཇུས་ཡིག་ཆའི་ནང་དུའང་ཐེ་ཝན་ཞེས་གླེང་སློང་བྱུང་། སྔ་ལོ་ཉི་ཧོང་གིས་དཔལ་འབྱོར་སྲིད་ཇུས་ཡིག་ཆའི་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་དགོས་མཁོར་གཞིགས་ནས་དམག་དོན་འགྲོ་གྲོན་སྤར་སྣོན་གཏོང་རྒྱུ་ཡིན་ཞེས་བཀོད་པ་ལས་ཐེ་ཝན་ཞེས་མ་གསལ། ཨེ་ཤི་ཡའི་ཤར་ཕྱོགས་དང་ཉི་ཧོང་གི་ཨོ་ཁི་ན་ཝའི་ཉེ་འཁྲིས། ཐེ་ཝན་མཚོ་འགག་བཅས་ལ་རྒྱ་ནག་གིས་དམག་སྦྱོང་བྱ་རྒྱུ་དང་དམག་དཔུང་འདྲེན་གཏོང་རྒྱུ་ཤུགས་ཆེ་རུ་སོང་བའི་རྗེས་སུ་ཉི་ཧོང་གིས་ཐེ་ཝན་གྱི་བདེ་འཇགས་ལ་བློ་འཚབ་བྱ་རྒྱུ་མགོ་བརྩམས། ཐེ་ཝན་ལ་བཙན་འཛུལ་བྱུང་ན་ཉི་ཧོང་གི་དཔལ་འབྱོར་དང་རྡོ་སྣུམ་སྐྱེལ་འདྲེན་གྱི་མཚོ་ལམ་རྣམས་ཡོངས་སུ་འགག་རྒྱུ་དང་ཉི་ཧོང་གི་མཚོ་གླིང་ཁག་ཅིག་རྒྱ་ནག་གིས་བཙན་འཕྲོག་བྱ་རྒྱུའི་ཉེན་ཁ་ཆེ། སྲིད་བློན་ཀི་ཤཱི་དྷའི་དཔལ་འབྱོར་སྲིད་ཇུས་ཡིག་ཆའི་ནང་དུ་ཉི་ཧོང་གིས་ལོ་རེར་དམག་དོན་འགྲོ་གྲོན་བརྒྱ་ཆ་ཅི་ཙམ་སྤར་རྒྱུ་ཡིན་མིན་གསལ་པོར་མ་འཁོད། དེང་སྐབས་ཉི་ཧོང་གཞུང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོངས་འབབ་བརྒྱ་ཆ་༡་ལྷག་ཙམ་ལས་དམག་དོན་ལ་འགྲོ་གྲོན་གཏོང་གི་མེད་ཅིང་། སྲིད་བློན་ཟུར་པ་ཤཱིན་ཛོ་ཨ་བྷེས་ཉི་ཧོང་གིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་ལྟར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་འབབ་བརྒྱ་ཆ་༢་དམག་དོན་ལ་འགྲོ་གྲོན་གཏོང་དགོས་ཞེས་ནན་སྐུལ་བྱས་འདུག

ཕྱི་ཟླ་༦་པའི་ཚེས་༦་ཉིན་ཐེ་ཝན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐེ་ཝན་གྱིས་རྒྱ་ནག་གི་བཙན་འཛུལ་བྱུང་ན་སྐམ་མཚོ་གནམ་གསུམ་ནས་དུས་མཉམ་དུ་གཏོར་རྒོལ་ཤུགས་ཆེན་པོ་ཞིག་འབྱུང་རྒྱུ་དང་རྒྱ་ནག་གི་དཔུང་འཇུག་དུས་ཚོད་ལ་ངེས་གཏན་མེད་པའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་གཞུང་གཉེར་དམག་གྲུ་དང་གྲུ་གཟིངས་བཟོ་སྐྲུན་ཁང་གི་དུས་དེབ་ལ་ཨུ་རུ་སུར་ཡུཀ་རེན་གྱི་ས་ཐོག་ཏུ་ཇུས་ཉེས་བྱུང་བའི་ཉམས་མྱོང་ལ་རྒྱ་ནག་གིས་ཞིབ་འཇུག་བྱ་དགོས། ཨུ་རུ་སུའི་དམག་འཁྲུག་གི་འཐབ་ཇུས་ལ་ནོར་འཁྲུལ་བྱུང་བ་རྣམས་རྒྱ་ནག་གིས་གཡོལ་ཐབས་བྱ་དགོས། ཐེ་ཝན་ནི་རྫ་རི་བྲག་དང་ས་གནས་མི་དམངས་སྡང་པོ། ཐེ་ཝན་ལ་མཐུན་གྲོགས་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ཡོད་པས་དཀའ་ངལ་ཆེན་པོ་ཞིག་རེད། ཡུཀ་རེན་གྱིས་ཨུ་རུ་སུའི་ཞན་ཆ་ཁག་ངེས་བཟུང་ནས་འགོག་རྒོལ་བྱས་ཏེ་ཨུ་རུ་སུའི་འཐབ་ཇུས་ལ་འགྱུར་བ་གཏོང་དགོས་བྱུང་ཞིང་། ཡུཀ་རེན་གྱི་རྒྱལ་ཁ་ནི་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ལམ་སྟོན་དང་འཆར་འགོད། གསང་བའི་གནས་ཚུལ་མཁོ་སྤྲོད་དང་ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་སྤྲད་ནས་ཐོབ་པ་བརྗོད་ཅི་དགོས། ཐེ་ཝན་ལའང་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་རྒྱབ་སྐྱོར་འཐོབ་རྒྱུ་ཡིན་པ་དཔོག་ནུས། རྒྱ་ནག་ལ་ས་ཐོག་ནས་དཔུང་འཇུག་བྱ་རྒྱུའི་གདམ་ཀ་མེད་པས་གློ་བུར་དུ་གཏོར་རྒོལ་བྱ་རྒྱུ་ཁག་པོ་རེད། དཀའ་ངལ་གཞན་པ་ཞིག་ཐེ་ཝན་མི་དམངས་ཀྱིས་རྒྱ་ནག་གི་དཔུང་འཇུག་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱ་རྒྱུ་རེད། རྒྱ་ནག་ལ་ཐབས་ལམ་འབའ་ཞིག་ཡོད་པ་ནི་མཚོ་གླིང་དེའི་དམག་དཔུང་རྣམས་གྲོང་ཁྱེར་ཕྱི་ལོགས་སུ་འགྲེམ་འཇོག་བྱེད་དུ་འཇུག་རྒྱུ། ཐེ་ཝན་མི་དམངས་རྣམས་རང་ཁྱིམ་དུ་བཀག་སྡེ་དྲྭ་རྒྱ་གཅོད་དགོས། ཐེ་ཝན་གྱི་དམག་དཔུང་གྲོང་ཁྱེར་ནང་དུ་འཛུལ་ན་ཁ་ལོ་བ་མེད་པའི་འཕུར་གྲུ་ཆེ་འབྲིང་ཆུང་གསུམ་བཏང་སྟེ་དམག་མི་ཁོ་ན་དམིགས་འབེན་དུ་བཟུང་ནས་རྩ་མེད་གཏོང་དགོས་ཞེས་འཐབ་ཇུས་ཀྱི་རྩོམ་ཡིག་བཀོད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG