ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། 


༄༅།། འཛམ་གླིང་གི་བཟའ་བཅའ་འདུ་འགོད་ལྷན་ཁང་ལ་༢༠༢༠་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ཡུ་རོབ་རྒྱལ་ཁབ་ནོར་ཝེའི་རྒྱལ་ས་ཨོ་སོ་ལོར་རྟེན་གཞི་བྱས་པའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཛིན་སྐྱོང་ལྷན་ཚོགས་ཀྱིས་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གིས་ལོ་ལྟར་དམག་འཁྲུག་དང་ནད་ཡམས། ཆུ་ལོག་དང་ཐན་པ་སོགས་རང་བྱུང་ཁམས་ཀྱི་གནོད་འཚེའི་འོག་ཏུ་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་བཞིན་པའི་མི་གྲངས་དུང་ཕྱུར་གཅིག་ལྷག་ལ་བཟའ་བཅའ་མཁོ་སྤྲོད་དང་འདུ་འགོད་བྱེད་ཀྱི་ཡོད་པའི་མཛད་རྗེས་ལ་ངོས་འཛིན་བྱེད་པའི་ཆེད་དུ་ལོ་འདིའི་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་བསྒྲགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་ནི་༡༩༦༡་ལོར་བཙུགས། འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གི་ལས་སྣེ་ཚོས་རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ལས་དོན་སྒྲུབ་ཕྱོགས་ལ་ནོ་བྷེལ་གཟེངས་རྟགས་འཛིན་སྐྱོང་ལྷན་ཚོགས་ཀྱིས་ངོས་འཛིན་གནང་བར་བཀའ་དྲིན་ཆེ། ད་ལོའི་གཟེངས་རྟགས་འདིས་འཛམ་གླིང་མི་དམངས་ལ་ཞི་བདེ་བསྐྲུན་རྒྱུ་དང་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་རྒྱུ་ནི་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་ར་སྤྲོད་བྱུང་བ་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་རྒྱལ་སྤྱིའི་སྒྲིག་འཛུགས་རྣམས་ཕྱོགས་མང་པོ་ཞིག་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་ནི་སྔར་ལས་དགོས་མཁོ་ཇེ་ཆེ་དང་གནད་འགག་ཇེ་ཆེར་སོང་འདུག འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད་ནས་གོ་ལའི་ཁྱོན་འདིར་མི་གྲངས་ས་ཡ་མང་པོར་ཉིན་ལྟར་བཟའ་བཏུང་མེད་པར་བཀྲེས་ལྟོགས་མྱོང་བཞིན་པ་འཛམ་གླིང་མི་དམངས་ཀྱིས་ཤེས་རྟོགས་ཐུབ་རྒྱུ་གནད་འགག་ཆེན་པོ་རེད་ཅེས་བསྟན། དེ་རིང་གཟའ་པ་སངས་ཉིན་སྤྱི་སྒེར་མང་པོ་ཞིག་གིས་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་པ་དགའ་བསུ་ཡོད། དེ་ནི་འོས་ཤིང་འཚམས་པ་ཞིག་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད་པའི་གསར་འགྱུར་མང་པོ་ཞིག་ཐོན་འདུག

རྒྱ་ནག་གི་འགོ་ཁྲིད་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གཉིས་༢༠༢༠།༡།༢༨་ཉིན་པེ་ཅིང་དུ་ཐུག་འཕྲད།
རྒྱ་ནག་གི་འགོ་ཁྲིད་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་གཉིས་༢༠༢༠།༡།༢༨་ཉིན་པེ་ཅིང་དུ་ཐུག་འཕྲད།

ཐོག་མར་ཉམས་ཞིབ་པ་མང་དག་ཅིག་གིས་༢༠༢༠་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་འཐོབ་སྲིད་པའི་ཚོད་དཔག་བྱས་པར་མ་ཟད། གལ་སྲིད་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཐོབ་ཚེ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཊེ་ཌི་རོ་སི་གཉིས་ལ་རྒྱལ་ཁ་ཆེན་པོ་ཞིག་རེད། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་འགོ་ཁྲིད་ནས་ནུབ་ཕྱོགས་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ལ་འཛམ་གླིང་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བའི་ནག་ཉེས་ཡོད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ནི་རྒྱ་ནག་གཞུང་དང་ཞིས་ཅིན་ཕིང་གི་སྲི་ཞུ་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པར་ཕམ་ཉེས་ཆེན་པོ་ཞིག་ཡིན་ཞིང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་མ་ཐོབ་པ་དེར་འཛམ་གླིང་རྒྱལ་ཁབ་ཁག་དང་སྒྲིག་འཛུགས་ཁག སྤྱི་དམངས་སྒེར་པ་ས་ཡ་མང་པོ་དགའ་ཚོར་བྱུང་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱ་ནག་གི་འབྲེལ་བ། ལྷག་པར་དུ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཊེ་ཌི་རོ་སི་དང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གཉིས་ཀྱི་འབྲེལ་བ་དེར་རྒྱལ་ཁབ་མང་དག་ཅིག་གིས་དོགས་པ་བྱ་དགོས་པའི་གནས་སུ་གྱུར། ཐ་ན་ཨ་མི་རི་ཀ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཁོངས་ནས་ཕྱིར་འཐེན་བྱས་ཏེ་རྒྱལ་སྤྱིའི་སྒྲིག་འཛུགས་དེར་ངོ་རྒོལ་བྱ་དགོས་བྱུང་ཡོད། ད་ལོའི་ཕྱི་ཟླ་༥་པར་ཞིས་ཅིན་ཕིང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་རྒྱ་ནག་གིས་ཏོག་དབྱིབས་རིམས་ནད་སྔོན་འགོག་ཐད་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཉམ་འབྲེལ་གང་ལེགས་བྱས་མ་སོང་ཞེས་ཁྱབ་བསྒྲགས་བྱེད་མི་ཆོག་པའི་གནོན་ཤུགས་སྤྲད་འདུག་ཅེས་ཨ་རིའི་དབུས་གསང་བའི་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ཏོག་དབྱིབས་ནད་དུག་གིས་འཛམ་གླིང་ཡོངས་སུ་བཀྲེས་ལྟོགས་ཀྱི་དཀའ་ངལ་སྔར་ལས་ཇེ་ཆེར་བཏང་འདུག ནད་ཡམས་ཚབས་ཆེན་ཞིག་ཁྱབ་གདལ་འགྲོ་བཞིན་པའི་དུས་འདིར་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གིས་སྙིང་སྟོབས་ཞུམ་པ་མེད་པར་བཀྲེས་ལྟོགས་ཀྱི་སྡུག་བསྔལ་མྱོང་བཞིན་པའི་མི་དམངས་རྣམས་ཀྱི་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་ཤུགས་ཆེན་བྱས་པར་རྗེས་སུ་ཡི་རང་ཡོད། འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གིས་ཏོག་དབྱིབས་ནད་དུག་གི་འགོག་ཁབ་ཅིག་གསར་བཟོ་བྱེད་མ་ཐུབ་པའི་བར་དུ་བཟའ་བཅའ་ནི་ནད་ཡམས་ལ་འཐབ་རྒོལ་བྱེད་པའི་འགོག་ཁབ་མཆོག་ཏུ་གྱུར་པ་དེ་ཡིན་ཞེས་བཤད་པ་བདེན་པ་རེད། ད་ལོ་འཛམ་གླིང་ཡོངས་ལ་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་དཔལ་འབྱོར་ཉམས་རྒུད་དང་ཞིང་ལས་འཐུས་ཤོར། མུ་གེའི་ཐོག་ཏུ་ཟླ་ལྷག་ཟེར་པའི་དཔེ་ལྟར་ཏོག་དབྱིབས་རིམས་ནད་ཀྱི་ཐོག་ཏུ་འཛམ་གླིང་གི་ས་ཁུལ་མང་དག་ཅིག་ལ་དམག་འཁྲུག་དང་ནང་འཁྲུག་ལངས་ཡོད་པས་བཟའ་བཅའ་འདང་ངེས་མེད་པ་དང་བཀྲེས་ལྟོགས་ཀྱི་དཀའ་ངལ་སྔར་ལས་ཇེ་ཆེར་སོང་འདུག དཔེར་ན་ཡེ་མེན་དང་ཀོང་གོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ན་ཇཱི་རི་ཡ། ལྷོ་སུ་དྷན་དང་བྷར་ཀི་ཎི་ཧྥ་སོ་སོགས་ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག ཨེ་ཤི་ཡའི་རྒྱལ་ཁབ་ཁག་བཅས་འཛམ་གླིང་གི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྒྱལ་ཁབ་མང་དག་ཅིག་ལ་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གིས་བཟའ་བཏུང་བགོ་འགྲེམ་བྱས་ཤིང་། ཉེ་བའི་ལོ་ཤས་ཤིག་ནས་ཨ་མི་རི་ཀ་ལྟ་བུའི་འབྱོར་ལྡན་རྒྱལ་ཁབ་ཁག་གིས་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་ལ་རོགས་དངུལ་སྤྲོད་རྒྱུ་ཉུང་དུ་བཏང་ནས་བཟུང་། རྒྱལ་སྤྱིའི་སྒྲིག་འཛུགས་དེའི་ལས་དོན་སྒྲུབ་ཕྱོགས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས། ༢༠༡༧་ལོར་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གི་འགན་འཛིན་གྱིས་སྲིད་འཛིན་ཊམ་ལ་ཨ་མི་རི་ཀས་རོགས་དངུལ་ཉུང་དུ་བཏང་ན་འཛམ་གླིང་རྒྱལ་ཁབ་ཁག་ལ་བདེ་འཇགས་མེད་པར་སྐྱབས་བཅོལ་བ་ཇེ་མང་དང་ཡུན་རིང་གི་དཀའ་ངལ་ཞིག་འཕྲད་རྒྱུ་ལྡོག་ཏུ་མེད་ཅེས་འབོད་སྐུལ་ཞུས་འདུག

ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི་སྒྲིག་འཛུགས་ཁག་དང་སྐྱེ་བོ་སྒེར་པ་སོགས་འདྲ་མིན་ཞིག་ལ་སྤྲོད་ཀྱི་ཡོད་པ་སྟེ། ༡༩༨༩་ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ། ད་དུང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་འདས་པོ་ལིའུ་ཞའོ་པོ། ཨ་རིའི་སྲིད་འཛིན་ཟུར་པ་བྷ་རག་ཨོ་བྷ་མ་དང་ཇཱི་མཱི་ཁ་ཊར། ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་དམ་པ་ནེལ་སེན་མན་ཌ་ལ་དང་ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་མར་ཊིན་ལུ་ཐར་ཀིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ཀོ་ཧྥེ་ཨ་ནན་དང་པ་ཀི་སི་ཐན་གྱི་ན་གཞོན་པ་མཱ་ལཱ་ལཱ་ཡུ་སབ་ཛ་ཡེ། ཡུ་རོབ་མཉམ་འབྲེལ་སོགས་ལ་སྤྲད་མྱོང་ཡོད་ཅིང་། ལོ་ལྟར་ཕྱི་ཟླ་༡༠་པ་འདིར་ནེ་བྷེལ་ཞི་བདེའི་གཟེངས་རྟགས་དང་རྩོམ་རིག རྫས་སྦྱོར་དང་དངོས་ཁམས་སོགས་ཀྱི་ནོ་བྷེལ་གཟེངས་རྟགས་རྣམས་སྤྱི་སྒེར་སུ་ལ་ཐོབ་མིན་ཁྱབ་བསྒྲགས་བྱེད་སྲོལ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨི་སི་རལ་དང་ཨ་རབ་རྒྱལ་ཁབ་ཁག་ལ་བར་འདུམ་བྱས་ནས་ཞི་བའི་གྲོས་མཐུན་འཇོག་ཏུ་འཇུག་ཐུབ་ཡོད་པར་ལོ་འདིའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་དགོས་ཞེས་ཨོ་གླིང་རྒྱལ་ཁབ་སོགས་ཀྱི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་འོས་སྦྱོར་བྱས་མོད། ཡིན་ནའང་མཐའ་མཇུག་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཛིན་སྐྱོང་ལྷན་ཚོགས་ཀྱིས་ལོ་འདིར་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་གིས་མི་གྲངས་དུང་ཕྱུར་གཅིག་དང་བྱེ་བ་བཞི་མ་ཟིན་ཙམ་ལ་བཟའ་བཏུང་རོགས་སྐྱོར་བྱས་འདུག ༢༠༡༩་ལོར་རྒྱལ་སྤྱིའི་སྒྲིག་འཛུགས་འདིས་མི་གྲངས་དུང་ཕྱུར་གཅིག་མ་ཟིན་ཙམ་ལ་བཟའ་བཏུང་རོགས་སྐྱོར་བྱས་འདུག དེར་བརྟེན་༢༠༢༠་ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འཛམ་གླིང་བཟའ་བཅའ་འདུ་འགོད་ལྷན་ཁང་ལ་སྤྲོད་རྒྱུའི་ཐག་གཅོད་བྱས་པ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG