ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༣༠

འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་ཆུ་ལོག་བརྒྱུགས་ཏེ་ཡུལ་སྐོར་བ་བཀག་སྡོམ།


༄༅།། འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་ཆར་ཞོད་ཚུགས་ཏེ་ཆུ་ལོག་བརྒྱུགས་པ་དང་རི་ཉིལ། ད་ལྟ་འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་ཡུལ་སྐོར་སྤྲོ་འཆམ་པ་བསྐྱོད་ཆོག་པའི་འཁྲོལ་ཆ་སྟེར་རྒྱུ་མཚམས་བཞག་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༡༩་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་སྟོང་ཕྲག་མང་པོ་བཙུན་ཐང་ངམ། རྩེ་མོ་རིན་ཆེན་ཐང་དུ་ལུས་ཏེ་ཉེན་སྐྱོབ་བྱ་དགོས་བྱུང་ཞིང་། ལོ་རེའི་ཆར་ཞོད་དུས་སུ་ཆུ་ལོག་དང་ས་རུད་སོགས་ཀྱི་གོད་ཆག་འབྱུང་གི་ཡོད་པ་ལྟར་འབྲས་ལྗོངས་ཀྱི་བྱང་ཕྱོགས་སུ་ཆར་ཞོད་འགོ་ཚུགས་ཏེ་རྒྱ་ལམ་དང་ཁང་པ། རྩིག་གྱང་དང་ཟམ་པ་རྣམས་ཆུ་ལོག་གིས་བསྣུབས་ནས་འདམ་ཉོག་འོག་ཏུ་མནན། ས་ཞིང་སྟེང་དང་ལུང་མཐིལ་སོགས་སུ་ཆུ་ལོག་བརྒྱུགས་ཏེ་གྲམ་པ་ལྟར་བསྒྱུར་ནས་རྡོ་ཧྲུག་ལས་མཐོང་རྒྱུ་མེད་པར་གྱུར། འབྲས་ལྗོངས་ཀྱི་ས་གནས་ཁག་གི་ཟམ་པ་མང་ཆེ་བ་ཆུ་ལོག་གིས་སྣུབ་ཉེན་འདུག་ཅེས་འདྲ་པར་དང་བརྙན་ཐུང་རྣམས་དྲྭ་ལམ་དུ་ཁྱབ།།

ཆུ་ལོག་གི་གནོད་ཚབས་ཆེ་ཤོས་ཕོག་ཡུལ་ནི་མང་གན་རྫོང་གི་བཙུན་ཐང་ངམ། རྩེ་མོ་རིན་ཆེན་ཐང་ཡིན་འདུག དེ་ནི་འབྲས་ལྗོངས་བྱང་ཕྱོགས་ཀྱི་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་གནས་གཙོ་བོ་ཞིག་རེད། ས་གནས་དེ་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་ནས་སྤྱི་ལེ་༩༥་ཡི་མཚམས་དང་རྒྱ་མཚོ་ནས་མཐོ་ཚད་མཱི་ཊར་༡༧༠༠་ཐམ་པའི་མཚམས་སུ་ཆགས་ཡོད་ཅིང་། ས་གནས་དེར་གུ་རུ་གདོང་དམར་མཚེའུ་འཁྱིལ་ཏེ་ལོ་རེའི་ཟླ་བ་༦་གི་རིང་མཚེའུ་དེར་འཁྱག་པ་བརྒྱབ། རྒྱལ་བ་ལྷ་བཙུན་ཆེན་པོའི་ཡང་སྲིད་འཇིགས་མེད་དཔའ་བོས་མཛད་པའི་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གནས་ཡིག་ཏུ་བཙུན་ཐང་ནི་གུ་རུ་རིན་པོ་ཆེའི་ཞབས་རྗེས་གསལ་བའི་ལྷའི་རྡོ་ཡོད་པའི་གནས་ཆེན་བྱིན་རླབས་ཅན་ཞིག་ཡིན་ཞེས་འཁོད། དེང་སྐབས་འབྲས་ལྗངས་ཀྱི་སྟོད་སྨད་བར་གསུམ་དུ་རྒྱ་ལམ་འཛུགས་སྐྲུན་བྱས་ནས་འབྱུང་བཞི་འཁྲུགས། བཙུན་ཐང་དང་དེའི་ཉེ་འཁོར་དུ་གནམ་གཤིས་ཐང་འཐིབ་ཀྱི་འགྱུར་ལྡོག་ཆེ་བས་འགྲིམ་འགྲུལ་བདེ་འཇགས་མི་འདུག་ཅེས་ས་གནས་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་པ་རྣམས་འགོག་གི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བཙུན་ཐང་ནི་ལ་ཆེན་དང་ལ་ཆུང་ཆུ་བོ་གཉིས་ཀྱི་འདུས་མདོར་ཆགས། ས་གནས་དེར་བསྐྱོད་པའི་རྒྱ་ལམ་ཆུ་ལོག་གིས་བསྣུབས་ནས་ཡུལ་སྐོརསྤྲོ་འཆམ་པ་༢༤༦༤་རང་གནས་སུ་ཕྱིར་ལོག་མ་ཐུབ་པར་ལུས། རྒྱ་གར་གྱི་དམག་དང་མཐའ་མཚམས་ཀྱི་རྒྱ་ལམ་འཛུགས་སྐྲུན་སྒྲིག་འཛུགས་ཀྱི་ལས་མི་ཚོས་ཉེན་སྐྱོབ་ཀྱི་ལས་དོན་བསྒྲུབས། ཁོ་ཚོས་ལམ་ཐོག་ཏུ་འགགས་ཡོད་པའི་ཡུལ་སྐོར་བ་༣༥༠༠་ལྷག་བསྐྱབས། གངས་ཅན་མཛོད་ལྔའི་གངས་རི་ལ་དགའ་བ་ཚོས་བཙུན་ཐང་དང་ལ་ཆེན། ལ་ཆུང་བཅས་སུ་ལྗོངས་རྒྱུ་དང་མཛེས་ལྗོངས་ལ་བལྟ་རྒྱུ་ཤིན་ཏུ་མང་། དེས་ན་དཔྱིད་ཀྱི་དུས་ནས་འགྲིམ་འགྲུལ་གྱི་འཚང་ཁ་འགོ་ཚུགས་ཏེ་མི་ཚོགས་ཆེ་རུ་སོང་། འབྲས་ལྗོངས་སོགས་ཀྱི་ནང་པ་རྣམས་བཙུན་ཐང་དུ་གནས་སྐོར་ལ་བསྐྱོད་སྲོལ་ཡོད་པར་མ་ཟད། བཙུན་ཐང་ནི་ཡུམ་ཐང་དང་ལ་ཆུང་དུ་བསྐྱོད་པའི་འཛུལ་སྒོ་ལྟ་བུ་ཞིག་ཀྱང་ཡིན་འདུག

ཕྱི་ཟླ་༦་པའི་ཚེས་༡༨་ཉིན་རྒྱ་གར་གྱི་ཝི་ཨོན་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲས་ལྗོངས་ཀྱི་བཙུན་ཐང་དུ་ལུས་པའི་ཡུལ་སྐོར་སྤྲོ་འཆམ་པའི་གྲས་སུ་ཕྱི་རྒྱལ་བ་༣༦་འདུས། རྒྱ་གར་གྱི་གནམ་གཤིས་སྔོན་བརྡ་ཁང་གིས་ནུབ་བངྒ་ལ་དང་འབྲས་ལྗོངས། རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཁག་ལ་ཉི་མ་ལྔའི་རིང་ཆར་ཞོད་ཆེན་པོ་འབབ་རྒྱུ་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཉེན་སྐྱོབ་ཀྱི་ལས་དོན་ཁག་ལ་འགོག་རྐྱེན་འཕྲད་སྲིད་ཅེས་སྔོན་བརྡ་བཏང་འདུག རྒྱ་གར་གྱི་དམག་གིས་རྒྱབ་སྐྱོར་བྱས་ནས་འགྲིམ་འགྲུལ་གྱི་ལམ་ཁ་ཆད་ཡུལ་ཁག་ལ་བསྐྱར་དུ་འགྲིམ་འགྲུལ་སླར་གསོ་བྱ་རྒྱུ། ཆུ་ལོག་གི་གནོད་འཚེ་ཕོག་པའི་མི་ཚོར་གུར་བརྒྱབ་ནས་སྨན་དང་བཟའ་བཏུང་མཁོ་སྤྲོད། རྒྱ་གར་གྱི་དམག་གིས་གང་ཅིའི་ཐད་དུ་རོགས་སྐྱོར་བྱ་རྒྱུའི་ཁས་བླངས། ཆར་ཞོད་ཀྱི་དུས་འདིར་རྒྱ་གར་གྱི་དམག་གི་ལས་འགན་གཙོ་བོ་ནི་མཐའ་མཚམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་རུང་ཆུ་ལོག་ནང་དུ་ལུས་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་པ་དང་ས་གནས་ཡུལ་མི་གཉིས་ཀར་རོགས་སྐྱོབ་བྱ་རྒྱུའི་ཁས་ལེན་ཐོབ་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༦་པའི་ཚེས་༡༨་ཉིན་ཨི་སི་ཊི་མོ་ཇཱོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དབྱར་གྱི་ཆར་ཞོད་ཚུགས་ནས་འབྲས་ལྗོངས་མངའ་སྡེ་ཧྲིལ་པོར་དཀའ་ངལ་ཕྲད། ཨུ་ཏ་རེ་དང་བཟོད་པ་ཁ། ཌན་ཏམ་དང་སོམ་བྷ་རི་ཡ་སོགས་གྲོང་གསེབ་ཁག་ལ་ཆར་ཆུ་དང་ཆུ་ལོག་གི་གནོད་འཚེ་ཆེན་པོ་ཕོག དཔེར་ན་ཨུ་ཏ་རེ་ནས་བཟོད་པ་ཁར་བསྐྱོད་པའི་ཟམ་པ་གཉིས་དང་རྒྱ་ལམ་དེ་ཁག་འགའ་ཞིག་ཏུ་རྦད་དེ་ཆུས་ཁྱེར། ཐ་ན་དེའི་ཉེ་འཁོར་གྱི་བྱ་གསོ་ཁང་དང་ཉ་གསོ་ཁང་རྣམས་ཆུ་ལོག་གིས་བསྣུབས་ཏེ་ས་ཁང་ལ་གནོད་འཚེ་ཐེབས། ད་སྔ་མི་ལ་སྲོག་སྐྱོན་བྱུང་བ་སོགས་ཀྱི་གནས་ཚུལ་ཐོན་མེད་ཀྱང་ཀ་ལ་ཛ་ཆུ་བོ་སྦྲུག་སྟེ་ཌམ་ཏམ་ནས་པད་གླིང་དང་རྒྱལ་ཤིང་དུ་བསྐྱོད་པའི་རྒྱ་ལམ་ཆད། ལེབ་ཆ་ཕུར་པའི་ཁང་པ་དང་ཤར་པ་ཟླ་བ་སངས་རྒྱས་ཀྱི་ཁང་པ། པུར་སྲེག་ཁང་གཉིས་བཅས་ཁང་པ་ཁག་ཅིག་ཆུས་ཁྱེར། བྷ་དྷུར་ཐ་པ་ཟེར་བ་ཞིག་ཌམ་ཏམ་ཟམ་པའི་འགྲམ་དུ་ཆུས་ཁྱེར་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

XS
SM
MD
LG