ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

འབྲས་ལྗོངས་གཞུང་གིས་མི་འབོར་ཉམས་པ་གསོ་ཐབས་གསལ་བསྒྲགས། 


༄༅།། རྒྱ་གར་གྱི་མི་འབོར་རྒྱ་ནག་ལས་བརྒལ་ཏེ་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེར་གྱུར། ༡༩༩༩་ནས་༢༠༢༠་བར་དུ་འབྲས་ལྗོངས་སུ་བུད་མེད་ཕྲུ་གུ་སྐྱེ་ཡི་ཡོད་པ་ཕྱེད་ཀ་ལྷག་ཉུང་དུ་སོང་། ཕྱི་ཟླ་༦་པའི་ཚེས་༣་ཉིན་རྒྱ་གར་གྱི་རྒྱལ་ཡོངས་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་གི་ལས་བྱེད་པ་ཚོར་ཕྲུ་གུ་སྐྱེས་ན་ཕོགས་ཡོད་སུང་སེང་སོགས་ཀྱི་ཁེ་ཕན་མང་བ་སྤྲོད་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ད་ལྟ་འབྲེལ་ལྗོངས་བ་འཇིགས་མེད་ནོར་བུ་བྷུ་ཊི་ཡ་དང་ཆུང་མ་ཚེ་རིང་བདེ་སྐྱིད་གཉིས་ལ་ཕྲུ་གུ་དང་པོ་དེ་སྐྱེ་གྲབས་ཡོད་ཅིང་། འདས་པའི་ལོ་ལྔའི་རིང་ཚེ་རིང་སྐྱིད་ཀྱི་མངལ་དུ་ཆགས་པའི་ཕྲུ་གུ་ལན་མང་ཤོར། འབྲས་ལྗངས་མངའ་སྡེའི་གཞུང་གིས་བུད་མེད་ཚོར་མངལ་ཆགས་ཐུབ་པའི་སྨན་བཅོས་ཀྱི་འགྲོ་གྲོན་རོགས་རམ་སྤྲད། དེར་བརྟེན་ཟླ་བ་རྗེས་མར་ཚེ་རིང་བདེ་སྐྱིད་བཟའ་ཚོ་གཉིས་ཀྱི་ཕྲུ་གུ་དང་པོ་དེ་སྐྱེ་ཡི་ཡོད་པར་དགའ་ཚོར་ཆེན་པོས་རེ་ལྟོས་འཆང་ཡོད་པའི་གནས་ཚུལ་ཐོན།།

འཇིགས་མེད་ནོར་བུ་བྷུ་ཊི་ཡ་དང་ཚེ་རིང་བདེ་སྐྱིད་གཉིས་ནི་འབྲས་ལྗོངས་ཀྱི་མ་ལིང་གྲོང་ཚོ་ནས་ཡིན་ཞིང་། ཁོ་མོའི་མངལ་ནས་ཕྲུ་གུ་ཤོར་ཏེ་གཏན་ནས་ཆགས་མ་ཐུབ། སྤྱི་ཚོགས་ལས་འགུལ་བ་འཇིགས་མེད་ནོར་བུ་བྷུ་ཊི་ཡས་མངའ་སྡེ་གཞུང་གིས་བཟའ་ཚང་རྣམས་ལ་ཕྲུ་གུ་ཆགས་ཐུབ་པའི་སྨན་བཅོས་ཀྱི་འགྲོ་གྲོན་རོགས་རམ་སྤྲོད་ཀྱི་ཡོད་པ་ནི་བཀའ་དྲིན་ཆེན་པོ་རེད། ད་ནས་ང་ཚོ་ལྟ་བུའི་བཟའ་ཚང་ཚོར་ཕྲུ་གུ་སྐྱེ་ཐུབ་རྒྱུའི་རེ་ལྟོས་འཆང་ས་ཞིག་ཡོད་པར་གྱུར་པ་རེད་ཅེས་བཤད། ད་ལོ་རྒྱ་གར་གྱི་མི་འབོར་དུང་ཕྱུར་༡༤་དང་བྱེ་བ་༢་ལྷག་བརྒལ་ནས་མི་འབོར་འཕེལ་རྒྱས་ཚོད་འཛིན་བྱེད་དགོས་པ་ཞིག་ཏུ་གྱུར་ཀྱང་འབྲས་ལྗོངས་ལ་ལྡོག་ཕྱོགས་ཀྱི་དཀའ་ངལ་ཞིག་འཕྲད། ༡༩༩༩་ལོར་འབྲས་ལྗོངས་སུ་བུད་མེད་གཅིག་ལ་ཆ་མཉམ་ཕྲུ་གུ་༢.༧༥་སྐྱེ་ཡི་ཡོད་ཀྱང་༢༠༢༠་ལོར་ཕྲུ་གུ་སྐྱེ་འཕེལ་གྱི་ཚད་གཞི་ཨང་གྲངས་༡.༡་ལ་མར་ཆག དེ་ནི་རྒྱ་གར་གྱི་མི་འབོར་རྒྱུན་འཁྱོངས་ཀྱི་ཚད་གཞི་དེ་ཨང་གྲངས་༢.༡་ཡིན་པ་དེའི་མན་ཆད་དུ་ལྷུང་བ་ཞིག་ཡིན་འདུག

མི་འབོར་ཉམས་རྒུད་འགྲོ་བཞིན་པ་ནི་འབྲས་ལྗོངས་མངའ་སྡེར་འཕྲད་བཞིན་པའི་ཐུན་མོང་མ་ཡིན་པའི་དཀའ་ངལ་ཞིག་ཡིན་ཞིང་། ན་ནིང་ནས་འབྲས་ལྗོངས་མངའ་སྡེ་གཞུང་གིས་བུད་མེད་ཚོས་ཕྲུ་གུ་སྐྱེ་བར་ཁེ་ཕན་སྣ་མང་ཞིག་སྤྲོད་རྒྱུའི་སྲིད་ཇུས་གཏན་ལ་ཕབ། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་དྲུང་ཆེ་དྷ་ཀལ་(S D Dhakal)་གྱིས་རྒྱ་གར་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་རུང་འབྲས་ལྗོངས་མངའ་སྡེ་ཆུང་ཆུང་ཞིག་རེད། མངའ་སྡེ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྣམས་དང་དེ་དག་གི་རིག་གཞུང་། རིན་ཐང་སོགས་ལ་སྲུང་སྐྱོབ་བྱ་རྒྱུ་གལ་གནད་ཆེན་པོ་རེད། གལ་སྲིད་མི་འབོར་ཉམས་ན་དེ་དག་གི་རིག་གཞུང་དང་རིན་ཐང་ཡང་ཉམས་ངེས་རེད་ཅེས་བསྟན། ༡༩༧༥་ལོར་འབྲས་ལྗོངས་རྒྱ་གར་གྱི་མངའ་སྡེ་ཞིག་ཏུ་གྱུར་པར་མ་ཟད། འབྲས་ལྗོངས་ནི་བོད་དང་འབྲུག་ཡུལ། བལ་ཡུལ་དང་རྒྱ་གར་གྱི་ནུབ་བངྒ་ལ་མངའ་སྡེ་བཅས་ལ་ས་མཚམས་འདྲེས། འབྲས་ལྗོངས་པ་རྣམས་བོད་པ་གཙོས་མི་རིགས་ཁག་གིས་གྲུབ།།

སྤྱི་ཁྱབ་བློན་ཆེན་པ་རེམ་སིང་རྟ་མང་
སྤྱི་ཁྱབ་བློན་ཆེན་པ་རེམ་སིང་རྟ་མང་

འབྲས་ལྗོངས་མངའ་སྡེར་མི་འབོར་འབུམ་༧་ཡས་མས་ཤིག་ལས་མེད་པ་སྟེ། སྤྱི་ཁྱབ་བློན་ཆེན་པ་རེམ་སིང་རྟ་མང་གིས་(Prem Singh Tamang)་མངའ་སྡེ་ཡོངས་སུ་སྨན་ཁང་བཙུགས་ཏེ་ཕྲུ་གུ་སྐྱེ་འདོད་ཡོད་པའི་བུད་མེད་ཚོར་ཧིན་སྒོར་འབུམ་༣་རེ་རོགས་དངུལ་སྤྲོད་རྒྱུ་ཡིན། མངའ་སྡེའི་གཞུང་གི་ལས་བྱེད་པ་སྦྲུམ་མ་ཚོར་ལོ་གཅིག་གི་ཕོགས་ཡོད་གུང་སེང་ཡོད། ཁྱོ་ག་ཚོར་ཆུང་མར་ཕྲུ་གུ་སྐྱེས་པའི་ལོ་དང་པོ་དེར་ཟླ་བ་གཅིག་ལ་ཕྲུ་གུ་ལྟོ་སྐྱོང་གི་ཕོགས་ཡོད་གུང་སེང་སྤྲོད་ཀྱི་ཡོད། འབྲས་ལྗོངས་མངའ་སྡེ་གཞུང་གི་ཕྲུ་གུ་སྐྱེ་ཐབས་ཀྱི་སྲིད་ཇུས་དང་དབུས་གཞུང་གི་ཕྲུ་གུ་འགོག་ཐབས་ཀྱི་སྲིད་ཇུས་གཉིས་རྒྱབ་འགལ་རེད་ཅེས་བཀྲལ། འབྲས་ལྗོངས་མཐོ་སློབ་ཁང་གི་སྤྱི་ཚོགས་རིག་པའི་སྡེ་ཚན་གྱི་སློབ་དཔོན་ལས་རོགས་ཝིན་ཀེ་ལ་བྷུ་ཊི་ཡས་(Winkeyla་Bhutia)་འདས་པའི་ལོ་བཅུ་ཕྲག་གཉིས་ལ་འབྲས་ལྗོངས་ཀྱི་མི་འབོར་ཉམས་པར་རྒྱུ་རྐྱེན་འགའ་ཞིག་འདུག ཤེས་ཡོན་སློབ་སྦྱོང་ཡར་རྒྱས་ཕྱིན་པ་དང་ཆེད་ལས་གཙིགས་འཛིན། ཕྲུ་གུ་སྙོར་སྐྱོང་གི་མཐུན་རྐྱེན་ཚད་ངེས་ཅན་ཞིག་ལས་མེད་པ་སོགས་རེད་ཅེས་བཀྲལ།།

སློབ་དཔོན་ལས་རོགས་བྷུ་ཊི་ཡས་འབྲས་ལྗོངས་ཀྱི་སྐྱེས་པ་དང་བུད་མེད་གཉིས་ཀས་སློབ་སྦྱོང་རྒྱུན་འཁྱོངས་དང་ཆེད་ལས་བདམས། གཉེན་སྒྲིག་འཕྱི་བོ། ལྷག་པར་དུ་བུད་མེད་ལ་ཤེས་ཡོན་སློབ་སྦྱོང་ཐོབ། དཔལ་འབྱོར་ཡོང་འབབ་ཐོག་ཏུ་རང་མགོ་ཐོན་པའི་རྗེས་སུ་གཉེན་སྒྲིག་བྱས་ཀྱང་ཕྲུ་གུ་མི་སྐྱེ་བའམ། ཡང་ན་ཕྲུ་གུ་སྐྱེ་རྒྱུ་འཕྱི་བོ་འབྱུང་གི་འདུག འདི་ནི་སྲོལ་རྒྱུན་གྱི་བསམ་བློའི་འདུ་ཤེས་དང་མ་འདྲ་བའི་འགྱུར་བ་ཞིག་རེད། སྐྱེ་བོ་སྒེར་གྱི་མངོན་འདོད་ཨང་དང་པོར་འཛིན་གྱི་ཡོད་པ་མཚོན་ཐུབ། གཉེན་སྒྲིག་ཟིན་པའི་བཟའ་ཚང་ཚོས་ཕྲུ་གུ་གཅིག་ལས་མི་སྐྱེ་བ་དང་འཚོ་བའི་འགྲོ་གྲོན་ཆེ་བ། བྱིས་པར་སྙོར་སྐྱོང་བྱ་རྒྱུ་དཀའ་ངལ་ཆེ། བུད་མེད་ཇི་སྙེད་ཅིག་གིས་ཕྲུ་གུ་གཉིས་པ་སྐྱེ་རྒྱུ་དེར་ཐེ་འཛོམ་འཛིན། མི་ཁག་ཅིག་ལ་དཔལ་འབྱོར་གྱི་འགྲོ་གྲོན་ཡོད་ཀྱང་མང་ཆེ་བར་ཕྲུ་གུར་སྙོར་སྐྱོང་གི་འགྲོ་གྲོན་འདང་ངེས་མེད་པའི་དཀའ་ངལ་འདུག ལས་གནས་ཁག་ཏུ་ཞུགས་ཟིན་པའི་བུད་མེད་ཚོར་ཕྲུ་གུ་ལྟ་མཁན་མེད་པར་ཕྲུ་གུ་སྐྱེ་ཐུབ་རྒྱུ་ཁག་པོ་རེད་ཅེས་བཤད་འདུག

ཕྱི་ཟླ་༥་པའི་ཚེས་༡༣་ཉིན་དར་འཕྲིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲས་ལྗོངས་མངའ་སྡེ་གཞུང་གི་ལས་བྱེད་པ་ཡིན་པའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ཚོར་ཕྲུ་གུ་༣་སྐྱེས་ན་རོགས་དངུལ་འཐོལ་པ་སྤྲོད་རྒྱུ། ཕྲུ་གུ་གཉིས་སྐྱེས་པའི་བཟའ་ཚང་ཚོར་རོགས་དངུལ་སྔོན་ལ་སྤྲོད་རྒྱུའི་ཐག་བཅད། འབྲས་ལྗོངས་མངའ་སྡེ་གཞུང་ལ་ལས་བྱེད་པ་༧༣༥༠༠་ཙམ་ཡོད་འདུག ཤི་རི་གུ་རིའི་སྤྱི་ཚོགས་ཉམས་ཞིབ་པ་སོ་མེན་ནག་(Soumen Nag)་གིས་འབྲས་ལྗོངས་ཀྱི་གདོད་མའི་མི་རིགས་རྣམས་ཉམས་ཀྱི་ཡོད་པ་སླར་གསོ་དང་ཚོགས་སྡེ་དེ་རྣམས་སོར་གནས་དགོས་ན་ཐབས་ཇུས་དེ་ཚོ་དགོས་ངེས་ཤིག་རེད། ང་ཚོས་ཡུལ་སྡེ་གཞན་ལའང་དཀའ་ངལ་གཅིག་མཚུངས་ཕྲད་པ་གོ་མྱོང་ཡོད། མི་རིགས་ཤིག་མ་ཉམས་པར་ཁ་གསབ་བྱ་དགོས་ན་སྐྱེ་འཕེལ་གྱི་ཚད་གཞི་དེ་ཨང་གྲངས་༢.༡་གི་མན་ཆད་དུ་ལྷུག་མི་ཉན། ཨང་གྲངས་༢.༡་གི་མན་ཆད་དུ་ལྷུང་ན་མི་རིགས་དེ་ཉམས་གསོ་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ་ཞེས་བཤད་འདུག

ཕྱི་ཟླ་༥་པའི་ཚེས་༢༩་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་མི་འབོར་སྐྱེ་འཕེལ་ནི་ཆ་མཉམ་ཞིག་གཏན་ནས་མ་རེད། རྒྱ་གར་བྱང་ཕྱོགས་ཀྱི་དབུལ་ཕོངས་མངའ་སྡེ་ཁག་ཅིག་གིས་རྒྱལ་ཁབ་དེའི་མི་འབོར་མང་ཆེ་བ་ཟིན། རྒྱ་གར་ལྷོ་ཕྱོགས་ཀྱི་དཔལ་འབྱོར་ཡར་རྒྱས་དང་བུད་མེད་ཤེས་ཡོན་སློབ་སྦྱོང་ཚད་མཐོན་པོ་ཐོབ་པ་རྣམས་ཡོད་སའི་མངའ་སྡེ་ཁག་ཏུ་མི་འབོར་འཕེལ་རྒྱས་ཤུགས་ཆེན་པོ་འགྲོ་ཐུབ་ཀྱི་མི་འདུག དེ་ནི་ཉི་ཧོང་དང་ལྷོ་ཀོ་རི་ཡ་སོགས་ཨེ་ཤི་ཡའི་ཤར་ཕྱོགས་དང་ཡུ་རོབ་ནུབ་ཕྱོགས་ལྟ་བུ་ཞིག་རེད། འབྲས་ལྗོངས་སུ་དཔལ་འབྱོར་དང་ལས་ཀའི་གོ་སྐབས་མེད་པར་སྐྱེས་ཕོ་མོ་གཉིས་ཀ་མངའ་སྡེའི་ཕྱི་ལོགས་སུ་ལས་ཀ་འཚོལ་དུ་འགྲོ་དགོས་ཤིང་། ཁོ་ཚོའི་གཉེན་སྒྲིག་གི་དུས་ཚོད་འཕྱི་བོའམ། ཡང་ན་ལོ་མང་རིང་ཕོ་ཧྲེང་མོ་ཧྲེང་དུ་ལུས། རྒྱ་གར་གྱི་ས་གནས་གཞན་ཁག་གི་བུད་མེད་རྣམས་ཁྱིམ་ལས་དང་ཕྲུ་གུ་སྐྱོར་སྐྱོང་བ་ཁོ་ན་ཡིན་རུང་འབྲས་ལྗོངས་ཀྱི་བུད་མེད་མི་འབོར་བརྒྱ་ཆ་༥༩་ལས་ཀར་ཞུགས། རྒྱ་གར་རྒྱལ་ཡོངས་སུ་བུད་མེད་ལས་ཀར་ཞུགས་པའི་སྤྱི་ཡོངས་ཀྱི་ཚད་གཞི་ནི་བརྒྱ་ཆ་༢༩་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG