ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧྥ་རན་སིས་ཐེ་ཝན་ལ་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་མེད་ཟེར། 


༄༅།། ཧོང་ཀོང་དུ་བཅའ་སྡོད་ཧྥ་རན་སིའི་སྐུ་ཚབ་དོན་གཅོད་ཀྱིས་ང་ཚོས་ཐེ་ཝན་ལ་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་མེད། ཧྥ་རན་སི་གཞུང་གིས་གྲོས་མོལ་ནི་ས་གནས་སུ་ཞི་བདེ་དང་བརྟན་ལྷིང་བསྐྲུན་པའི་ཐབས་ལམ་ལ་ངོས་འཛིན་བྱས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༤་པའི་ཚེས་༢༡་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚོགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཐེ་ཝན་གྱི་རྩ་དོན་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་ཐུབ་མ་སོང་ཞེས་སྐྱོན་བརྗོད་དྲག་པོ་ཕོག ཟླ་བ་འདིའི་མགོ་སྟོད་དུ་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་རྗེས་སུ་གསར་འགོད་པས་བཅར་འདྲི་ཞུས། ཁོང་གིས་ཧྥ་རན་སི་ཨ་མི་རི་ཀའི་མཐུན་གྲོགས་ཡིན་པ་ལས་མངའ་ཞབས་མིན། ང་ཚོ་ཨ་རིའི་གཞུག་ཏུ་ཞར་མཆོང་བརྒྱབ་སྟེ་ཡུ་རོབ་ཀྱི་འཁྲུག་རྩོད་མིན་ཞིག་གི་ནང་དུ་ཚུད་ཉེན་ཆེན་པོ་འདུག་ཅེས་ཨ་རི་དང་ཡུ་རོབ་གཉིས་འཆམ་པོ་མེད་པ་དང་ནུབ་ཕྱོགས་པ་ཚོར་ནང་འགལ་ཆེ་བའི་རྣམ་པ་ཐོན་པའི་གཏམ་བཤད་ཅིག་བྱས་འདུག

ཧོང་ཀོང་དུ་བཅའ་སྡོད་ཧྥ་རན་སིའི་སྐུ་ཚབ་དོན་གཅོད་ཁེ་རི་སི་ཊིལ་དྷུ་རིལ་གྱིས་ང་ཚོའི་སྲིད་འཛིན་གྱི་སྐད་ཆ་དེའི་གོ་དོན་ཅི་ཡིན་མི་ཚོས་ཤེས་དགོས་པ་གནད་འགག་ཆེན་པོ་རེད། ཁོང་གི་ལངས་ཕྱོགས་དེར་ལོག་འགྲེལ་བྱེད་མི་ཉན། ཐེ་ཝན་གྱི་གནད་དོན་ཐོག་ཏུ་ཧྥ་རན་སིས་སྔར་བཞིན་རྒྱ་ནག་གཅིག་གི་རྩ་དོན་འཛིན་གྱི་ཡོད་པ་དང་ཐེ་ཝན་ལའང་དེ་ལྟར་བཤད་ཡོད། རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་གང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་ལ་འགྱུར་བ་བཏང་ན་ཧྥ་རན་སིའི་གཞུང་གིས་དེ་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཧྥ་རན་སིའི་གཞུང་གིས་ཐེ་ཝན་ལ་འཛིན་པའི་ལངས་ཕྱོགས་ནི་རྟག་ཏུ་འགྱུར་བ་མེད་པ་དང་གསལ་པོ་ཡིན་ཞེས་བསྒྲགས། ཡིན་ནའང་སྐུ་ཚབ་དོན་གཅོད་དྷུ་ཧིལ་ལ་ཐེ་ཝན་མཚོ་འགག་ཏུ་དམག་འཁྲག་ལངས་ནས་ཧྥ་རན་སིས་བར་འགོག་བྱ་རྒྱུ་ཡིན་ནམ་ཞེས་དྲིས་པར་ལན་འདེབས་མ་བྱུང་། ཁོང་གིས་མངའ་ཁུལ་དེར་ཞི་བདེ་བརྟན་ལྷིང་བསྐྲུན་རྒྱུ་ནི་ཀུན་གྱི་ཁེ་ཕན་རེད། འགལ་ཟླ་རྣམས་གྲོས་མོལ་བྱས་ནས་སེལ་དགོས། ཧྥི་རན་སིའི་གཞུང་གིས་རྒྱ་གར་ནས་ཞི་བདེའི་རྒྱ་མཚོའི་བར་གྱི་རྒྱལ་ཁབ་ཁག་གི་བདེ་སྡུག་ལ་དོ་ཁུར་ལེན་གྱི་ཡོད་ཅེས་ལན་བཏབ།།

ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱི་གཏམ་བཤད་རྗེས་སུ་ཡུ་རོབ་པ་ཚོས་ཐེ་ཝན་གྱི་གནད་དོན་ལ་བགྲོ་གླེང་ཆེན་པོ་ཞིག་བྱེད་མགོ་བརྩམས། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ན་ཡུ་རོབ་ཀྱིས་ལངས་ཕྱོགས་གང་འདྲ་ཞིག་འཛིན་དགོས་མིན་ནི་གཟའ་འཁོར་འདིར་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་གྲོས་གཞི་གཙོ་བོ་ཞིག་ཏུ་གྱུར། ད་ལྟ་ཡུ་རོབ་མཉམ་འབྲེལ་གྱིས་ཏོག་དབྱིབས་ནད་དུག་ཁྱབ་པའི་ཉམས་མྱོང་ལ་གཞིགས་ནས་དངོས་ཟོག་ནང་འདྲེན་གྱི་འབྱུང་ཁུངས་རྒྱ་ནག་གཅིག་པུར་བརྟེན་མི་དགོས་ཤིང་། ཡུཀ་རེན་ལ་བཙན་བྱུང་བའི་རྗེས་སུ་ཡུ་རོབ་ཀྱི་སོལ་རླངས་དང་རྡོ་སྣུམ་གྱི་འབྱུང་ཁུངས་ཀྱང་ཨུ་རུ་སུ་གཅིག་པུར་བརྟེན་མི་དགོས་པའི་ཐབས་ལམ་བཙལ། ཧྥ་རན་སིའི་སྲིད་འཛིན་གྱི་ལྷན་དུ་རྒྱ་ནག་ལ་འཚམས་འདྲིར་ཕེབས་པའི་སྐབས་སུ་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝེན་ཌར་ལེན་གྱིས་ཡུ་རོབ་ལ་མཁོ་བའི་ས་གཏེར་དཀོན་པོ་རྒྱ་ནག་ནས་ཡོང་གི་ཡོད། ཡུ་རོབ་དང་རྒྱ་ནག་གི་ཚོང་འབྲེལ་ལ་ཉེན་ཁ་ཡོད་པ་སེལ་ཐབས་བྱ་དགོས་ཞེས་བསྟན།།

ཕྱི་ཟླ་༤་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་ཧྥ་རན་སིའི་སྲིད་འཛིན་ལ་ཞལ་པར་བཏང་སྟེ་བཀའ་མོལ་གནང་ཡོད་ཅིང་། ཨ་རི་དང་ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་དེའི་ནང་དུ་སྲིད་འཛིན་བྷ་ཌན་དང་མེཀ་རོན་གཉིས་ཀྱིས་ཐེ་ཝན་ལ་འཛིན་པའི་ལྟ་བ་ཐ་དད་ཡིན་པ་གསལ་པོར་ཐོན། ཧྥ་རན་སིའི་སྲིད་འཛིན་ལས་ཁུངས་ཀྱི་གསར་བསྒྲགས་ནང་དུ་ཐེ་ཝན་ཞེས་མིང་འབོད་མ་བྱས་པར་སྲིད་འཛིན་རྣམ་གཉིས་ཀྱིས་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་མཚོ་འགྲུལ་རང་དབང་ཚུད་པའི་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་སྐྱོར་གནང་འདོད་ཡོད། སྲིད་འཛིན་མེཀ་རོན་རྒྱ་ནག་ལ་ཕེབས་པའི་གྲུབ་འབྲས་རྣམས་བྷ་ཌན་ལ་ཞུས་ཡོད་ཅེས་འཁོད། ཨ་རིའི་ཕོ་བྲང་དཀར་པོའི་གསལ་བསྒྲགས་ནང་དུ་དབུ་ཁྲིད་རྣམ་གཉིས་ཀྱིས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་དགོས་པའི་ལངས་ཕྱོགས་བསྐྱར་ཟློས་གནང་ཡོད་པ་རེད་ཅེས་འཁོད།།

ཕྱི་ཟླ་༤་པའི་མགོ་སྟོད་དེར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་གྱིས་ཡུ་རོབ་ཨ་མི་རི་ཀའི་བཀོད་ཇུས་འོག་དང་རྒྱ་ནག་གི་ཚད་ལས་བརྒལ་བའི་རྒོལ་ལན་བར་དུ་ཚུད་དགོས་དོན་མེད་ཅེས་བཤད་པ་ནི་སྐད་ཆ་གསར་པ་ཞིག་མིན་ཞིང་། ཧྥ་རན་སིའི་སྲིད་འཛིན་གྱིས་སྐད་ཆ་བཤད་པའི་དུས་ཚོད་དེ་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས། ཨ་རི་དང་ཡུ་རོབ་གཉིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གིས་ཨུ་རུ་སུར་མིག་དཔེ་བལྟས་ནས་ཐེ་ཝན་ལ་རྒྱག་དམག་རྒྱུའི་སྡིགས་ར་སྐུལ་གྱི་ཡོད་པའི་མཚམས་སུ་ཨ་རི་དང་ཡུ་རོབ་གཉིས་ལངས་ཕྱོགས་གཅིག་གྱུར་མིན་པ་ལྟ་བུའི་སྐད་ཆ་ཞིག་བཤད་པ་འོས་འཚམས་ཤིག་མ་བྱུང་། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་ཨ་མི་རི་ཀའི་རྒྱབ་སྐྱོར་མེད་ཐབས་མེད་པ་ཞིག་ཏུ་ངོས་འཛིན་ཐོབ། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་དང་ཐེ་ཝན་གྱི་གནས་བབ་རྒྱུན་འཁྱོངས་བྱ་དགོས་ཞེས་ནན་བརྗོད་བྱས་མ་ཐུབ་པར་ཁོང་ཁྲོས་བརྟས།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་གཟའ་ཕུར་བུའི་ཉིན་སྲིད་འཛིན་བྷ་ཌན་དང་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལཱ་ཝེན་ཌར་ལེན་གཉིས་ཀྱིས་ཀྱང་ཞལ་པར་ནང་དུ་བཀའ་མོལ་གནང་འདུག ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཝེན་ཌར་ལེན་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱས་པའི་གྲུབ་འབྲས་རྣམས་སྲིད་འཛིན་ཌན་ལ་ནང་མོལ་གྱིས་ཞུས། དབུ་ཁྲིད་རྣམ་གཉིས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་སྒྲིག་ཁྲིམས་ལ་གཞི་རྩ་བཅོལ་བའི་རྒྱལ་སྤྱིའི་སྒྲིག་སྲོལ་ལ་གོང་བཀུར། ཚོང་ལས་དྲང་སྙོམས་ཡོང་དགོས་པ་དང་ཡུཀ་རེན་གྱི་དམག་འཁྲུག རྡོ་སྣུམ་དང་རྡོ་སོལ་ནས་རང་བྱུང་གི་ནུས་ཤུགས་གཙང་མ་ཞིག་བཀོལ་སྤྱོད་ཀྱི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་དགོས་པའི་རྩ་དོན་བཅས་ལ་བློ་ཁ་གཅིག་མཐུན་ཡིན་པའི་ལངས་ཕྱོགས་བསྐྱར་ཟློས། སྲིད་འཛིན་བྷ་ཌན་དང་གཙོ་འཛིན་ཝེན་ཌར་ལེན་གཉིས་ཀྱིས་ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་གནད་འགག་ཆེན་པོ་ཡིན་པའི་བཀའ་མོལ་གནང་བ་རེད་ཅེས་ཕོ་བྲང་དཀར་པོས་གསར་འགོད་གསལ་བསྒྲགས་སྤེལ།།

འབྲེལ་ཡོད།

XS
SM
MD
LG