ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༢༥

ཐེ་ཝན་གྱི་རྩ་དོན་ཐོག་ཏུ་ཡུ་རོབ་ཀྱིས་རྒྱ་ནག་ལ་ལངས་ཕྱོཊ་མཁྲེགས་པོ་བཟུང་། 


༄༅།། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགོ་ཁྲིད་ཚོས་རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱེད་མི་ཆོག་ཅེས་ཐ་ཚིག་ནན་པོ་བསྒྲགས་པའི་གནས་ཚུལ་ཐོན། བདུན་ཕྲག་སྔོན་མར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་འཚམས་འདྲིར་ཕེབས་ཏེ་ཐེ་ཝན་གྱི་རྩ་དོན་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་མ་ཐུབ་པར་སྐྱོན་བརྗོད་དྲག་པོ་ཕོག ཕྱི་ཟླ་༤་པའི་ཚེས་༡༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་པ་དང་དམངས་གཙོའི་ལམ་ལུགས་དར་ཡོད་པའི་མཚོ་གླིང་དེར་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་སོང་། པེ་ཅིང་གི་དབང་འཛིན་པ་ཚོས་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱས་མ་ཐུབ་ན་རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་སྐམ་ས་ཆེན་མོའི་མངའ་འོག་ཏུ་བསྡུ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ལྷག་པར་དུ་གཟའ་འཁོར་གཉིས་ཀྱི་གོང་དུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཐེ་ཝན་གྱི་སྲིད་འཛིན་ཚེ་དབྱིན་ཝེན་མཇལ་འཕྲད་བྱུང་བའི་རྗེས་སུ་རྒྱ་ནག་གིས་ཉིན་༣་ལ་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱས་པའི་གནས་ཚུལ་ཐོན།།

དེ་རིང་གཟའ་པ་སངས་ཉིན་འཇར་མན་གྱི་ཕྱི་སྲིད་བློན་ཆེན་བྷེར་བྷོག་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཆིང་གཱང་གཉིས་ཀྱིས་པེ་ཅིང་དུ་མཉམ་འབྲེལ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ཏེ་ཐེ་ཝན་ལ་དབང་བསྒྱུར་བྱ་ཐབས་ཅི་ཞིག་བྱས་ཀྱང་དེ་ལ་ངོས་ལེན་བྱེད་མི་ཐུབ་པ་དང་ཡུ་རོབ་ཕྱོགས་ནས་དེ་ལ་གདོང་ལེན་བྱ་རྒྱུ་ཉག་གཅིག་རེད་ཅེས་གསལ་པོར་བཤད། ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་བྷོ་རེལ་གཟའ་པ་སངས་ཉིན་པེ་ཅིང་དུ་ཕེབས་ཏེ་རྒྱ་ནག་དང་གོ་ལ་གཅིག་གྱུར་ཞིབ་འཇུག་ཁང་དུ་གཏམ་བཤད་བྱ་འཆར་ཡོད་མོད། འོན་ཀྱང་ཁོང་ལ་ཏོག་དབྱིབས་ནད་དུག་ཕོག་ནས་འཚམས་འདྲི་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ཁོང་གི་གཏམ་བཤད་ནང་དུ་ཡུ་རོབ་མཉམ་འབྲེལ་གྱིས་ཐེ་ཝན་ལ་འཛིན་པའི་ལངས་ཕྱོགས་ནི་གསལ་པོ་དང་འགྱུར་བ་མེད། མཚོ་འགག་ཕྱོགས་གཉིས་ཀྱི་གནས་བབ་དེ་དམག་བརྒྱབ་ནས་འགྱུར་བ་གཏོང་རྒྱུར་ངོས་ལེན་བྱ་ཐབས་ཟད་ཅེས་འཁོད། འཇར་མན་གྱི་ཕྱི་སྲིད་བློན་ཆེན་ནས་རྒྱ་ནག་གིས་དྲག་ཤུགས་བཀོལ་ན་ཡུ་རོབ་ཀྱི་ཁེ་ཕན་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཞིག་ཐེབས་རྒྱུ་ཡིན་གདོན་མི་ཟ་ཞེས་ཚིག་འགའ་བསྣན།།

ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་བྷོ་རེལ་གྱི་གཏམ་བཤད་ནང་དུ་མུ་མཐུད་ནས་འཁོད་པ་ལྟར་ན། ཐེ་ཝན་མཚོ་འགག་བརྒྱུད་ནས་ཉིན་ལྟར་འཛམ་གླིང་གི་ཚོང་ཟོག་བརྒྱ་ཆ་༥༠་སྐྱེལ་འདྲེན་བྱེད་ཀྱི་ཡོད་ཅིང་། ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ན་འཛམ་གླིང་ཧྲིལ་པོར་མཇུག་འབྲས་ཚབས་ཆེན་ཞིག་སྨིན་ཤས་ཆེ། མ་འོངས་པར་རྒྱ་ནག་དང་ཡུ་རོབ་ཀྱི་འབྲེལ་བ་གང་འདྲ་ཞིག་ལ་འགྱུར་རྒྱུ་ཡིན་མིན་ནི་ཤུགས་རྐྱེན་སྤྱད་ནས་ཡུཀ་རེན་གྱི་དམག་འཁྲུག་དེ་ཆབ་སྲིད་ཀྱི་ཐབས་ལམ་བརྒྱུད་ནས་འགོག་ཐུབ་མིན་ལ་རག་ལས་ཡོད། གལ་སྲིད་ཨུ་རུ་སུ་ལ་གནོན་ཤུགས་མ་སྤྲད་ན་ཡུ་རོབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཡིད་ཆེས་བློ་འགེལ་གྱི་འབྲེལ་བ་ཞིག་འཛིན་ཐབས་མེད་པ་མིན་རུང་འབྲེལ་བ་དེ་རྒྱུན་འཁྱོངས་བྱ་རྒྱུ་ཧ་ཅང་ཁག་པོ་རེད། ང་ལ་རྒྱ་ནག་གིས་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ས་ཐོག་ནས་ཕྱིར་འཐེན་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་མཐོང་འདོད་ཡོད། རྒྱལ་སྤྱིའི་ཁྲིམས་ལ་རྡོག་རོལ་བྱུང་ཡང་བཏང་སྙོམས་སུ་གནས་རྒྱུ་ནི་ཡིད་རྟོན་རུང་བ་ཞིག་མ་རེད་ཅེས་བསྟན།།

ཕྱི་ཟླ་༤་པའི་ཚེས་༡༤་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཇར་མན་གྱི་ཕྱི་སྲིད་བློན་ཆེན་བྷེར་བྷོག་ནས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲེང་དང་ཕྱི་སྲིད་བློན་ཆེན་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་འགྲོ་བ་མིའི་ཐོབ་ཐང་གླེང་། ཁོང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བློ་འཚབ་ཡོད། རྒྱ་ནག་ལ་ཁྲིམས་ལྡན་སྤྱི་ཚོགས་ཀྱི་ཁོར་ཡུག་ཇེ་དོག་དང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་འདུག་ཅེས་སྐྱོན་བཙུགས། ཆིན་གཱང་གིས་རྒྱལ་ཁབ་རེའི་གནས་སྟངས་མི་འདྲ། ལོ་རྒྱུས་དང་རིག་གཞུང་གི་རྒྱབ་ལྗོངས་ཐ་དད་ཡིན་པས་ནུབ་ཕྱོགས་པ་ཚོས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་མི་དགོས་ཞེས་ལན་བཏབ། འཇར་མན་ཕྱི་སྲིད་བློན་ནས་རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཐད་ཞི་བའི་ཐབས་ལམ་ཞིག་འཚོལ་རྒྱུའི་བརྡ་བཏང་བ་ཡག་པོ་རེད། རྒྱ་ནག་གིས་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་ནས་ཕྱིར་འཐེན་བྱ་དགོས་ཞེས་འཁོད་མེད་པ་ཁྱད་མཚར་རེད་ཅེས་བཤད།།

རྒྱ་ནག་གིས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ལ་རྒྱབ་སྐྱོར་དང་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་ལངས་ཡོད་པ་རྒྱུན་འཁྱོངས། དེ་བཞིན་ཐེ་ཝན་གྱི་གནས་བབ་ཐོག་ཏུ་རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འགལ་ཟླ་བྱུང་། ཉམས་ཞིབ་པ་ཚོས་གཟའ་པ་སངས་ཉིན་གྱི་གྲོས་མོལ་དེ་ཡུ་རོབ་ཀྱི་འགོ་ཁྲིད་ཚོས་རྒྱ་ནག་ལ་ཁ་གཏད་བཅག་པ་ཤུགས་ཆེ་ཤོས་ཤིག་རེད་ཅེས་དཔྱད་བརྗོད་སྤེལ། འཇར་མན་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་འཚམས་འདྲིར་མ་ཕེབས་གོང་དུ་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་ལས་ཡར་རྒྱས་གཏོང་བའི་གོ་སྐབས་ཤིག་འཚོལ་འཆར་ཡོད། རྒྱ་ནག་དང་ཡུ་རོབ་གཉིས་ཟླ་གྲོགས་དང་འགྲན་ཡ། གོ་རིམ་ལྡན་པའི་ཁ་གཏད་པ་ཅི་ཞིག་ལ་འགྱུར་དགོས་མིན་འཚོལ་རྒྱུ་ཡིན། ང་ཚོའི་མ་འོངས་པའི་མདུན་ལམ་དེ་ཁ་ཕྱོགས་གང་དུ་བསྐྱོད་རྒྱུ་ཡིན་མིན་ནི་རྒྱ་ནག་ལ་ཐུག་ཡོད་པ་རེད་ཅེས་བསྒྲགས། ཕྱི་སྲིད་བློན་ཆེན་བྷེར་བྷོག་གི་འཚམས་འདྲི་དེ་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཡར་རྒྱས་དང་ཡུ་རོབ་ཀྱིས་ཐེ་ཝན་ལ་འཛིན་པའི་ལངས་ཕྱོགས་གསལ་སྟོན་བྱེད་པའི་ཆེད་དུ་རེད་ཅེས་གནས་ཚུལ་ཐོན་འདུག

ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་རྒྱ་ནག་ལ་ཉི་མ་༣་གྱི་འཚམས་འདྲིར་ཕེབས་ནས་ཐེ་ཝན་ཞེས་གླེང་མ་ཕོད། བདུན་ཕྲག་འདིར་སྲིད་འཛིན་མེཀ་རོན་ནས་ཡུ་རོབ་ཨ་རིའི་བཀོད་ཇུས་འོག་དང་རྒྱ་ནག་གི་ཡ་ལན་བར་དུ་ཚུད་སྲིད་པར་དོགས་ཟོན་བྱ་དགོས། ང་ཚོ་ནི་རང་གི་འཁྲུག་རྩོད་མིན་པ་ཞིག་ལ་ཞུགས་དགོས་དོན་མེད། ང་ཚོ་ཨ་རིའི་མཐུན་གྲོགས་ཡིན་པ་ཙམ་གྱིས་ཨ་རིའི་མངའ་ཞབས་སུ་གཏོགས་པ་སྒྲུབ་མི་ཐུབ། ང་ཚོར་རང་གི་བདེ་དོན་ལ་བསམ་བློ་གཏོང་ཆོག་པའི་ཐོབ་ཐང་མེད་པ་ཞིག་མིན་ཞེས་བསྐྱར་དུ་བཀྲལ། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་དང་གྲོས་ཚོགས་འཐུས་མི་ཚོས་ཧྥ་རན་སིའི་སྲིད་འཛིན་གྱིས་ཞིས་ཅིན་ཕིང་ལ་སྤྲེལ་ལད་འཁྲབ་ཀྱི་ཡོད་པ་རེད་ཅེས་ཁ་རྡུང་དྲག་པོ་བཏང་ཡོད་ཅིང་། ཉམས་ཞིབ་པ་ཚོས་ཧྥ་རན་སིའི་སྲིད་འཛིན་རྒྱ་ནག་ལ་འཚམས་འདྲིར་ཕེབས་པ་དེར་གྲུབ་འབྲས་གང་ཡང་མ་ཐོན་པར་ཁ་སྟོང་ལག་སྟོང་ལ་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་བྱུང་བ་རེད་ཅེས་འགྲེལ་བཤད་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG